རྒྱ་ནག་ནང་ཕྲུ་གུ་སྐྱེས་མཁན་ཉུང་བའི་རྐྱེན་ཕྲུ་གུ་སྐྱེས་བསུའི་ཚན་པ་མང་པོ་སྒོ་རྒྱག་བཞིན་འདུག
དེ་ཡང་(Aljazeera)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཕྲུ་གུ་སྐྱེས་མཁན་ཉུང་དུ་ཕྱིན་པའི་དཀའ་ངལ་སེལ་ཐབས་སུ། མང་ཚོགས་ལ་ཕྲུ་གུ་སྐྱེས་རྒྱུ་ནི་རྒྱལ་གཅེས་ཀྱི་ལས་འགན་ཡིན་པ་སོགས་ཀྱི་སྐུལ་སློང་དང་ལམ་སྟོན་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྐུལ་མ་ཇི་ཙམ་བྱས་ཀྱང་། མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ཙམ་ཡོད་པའི་རྒྱ་ནག་རྒྱལ་ཁབ་དེར་འདས་པའི་ལོ་གཉིས་བསྟུད་མར་མི་འབོར་ཉུང་དུ་ཕྱིན་པའི་དཀའ་ངལ་འཕྲད་བཞིན་པ་ལྟར། རྒྱ་ནག་རྒྱལ་ཡོངས་ཀྱི་སྨན་ཁང་ཁག་ནང་གི་ཕྲུ་གུ་སྐྱེས་བསུའི་ཚན་པ་རྣམས་སྒོ་རྒྱག་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས། རྒྱ་ནག་རྒྱལ་ཁབ་ནི་འཛམ་གླིང་ནང་དཔལ་འབྱོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཞིག་ཏུ་གྱུར་ཏེ། ཨ་མི་རི་ཀའི་གོང་དུ་འགྲོ་རྒྱུ་མངོན་གྱུར་ཡོང་ཐབས་ཀྱི་ཐག་རིང་པོའི་དམིགས་ཡུལ་འཛིན་བཞིན་པ་དང་ཆབས་ཅིག ད་ཆ་རྒྱ་ནག་ནི་འཛམ་གླིང་ནང་ནས་དཔལ་འབྱོར་ཆེ་ཤོས་སུ་རྒྱལ་ཁབ་མ་ཆགས་གོང་ལ་རྒན་ཁོག་ཆགས་རྒྱུའི་དུས་བབ་འགོ་བཙུགས་བཞིན་ཡོད་པའི་སྐོར་བཀོད་འདུག
འདས་པའི་ལོའི་ནང་རྒྱ་ནག་གཞུང་གིས་མི་འབོར་འཕེལ་རྒྱས་ཚད་འགག་བཟོ་རྒྱུའི་ཆེད་དུ་༡༩༨༠ཐམ་པའི་ནང་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་བྱས་ཏེ་བཟའ་མི་གཉིས་ལ་ཕྲུ་གུ་གཅིག་ལས་སྐྱེས་མི་ཆོག་པའི་དམ་དྲག་བྱས་པ་ནས་བཟུང་། རྒྱ་ནག་ནང་དུ་ཕྲུ་གུ་སྐྱེས་ཚད་གྲངས་འབོར་མར་ཆག་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གི་འཆར་ལྡན་བུ་བཙའི་སྲིད་ཇུས་ལག་བསྟར་བྱས་པ་ཧ་ཅང་གི་ལམ་ལྷོངས་ལྡན་པ་ཞིག་བྱུང་བའི་ར་སྤྲོད་བྱས་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་༢༠༡༥ལོར་སྲིད་ཇུས་དེར་འགྱུར་བཅོས་བཏང་ནས་བཟའ་མི་གཉིས་ལ་ཕྲུ་གུ་གཉིས་སྐྱེས་ཆོག་པ་བཟོས་པ་དང་། དེ་ནས་སླར་ཡང་༢༠༢༡ལོར་བཟའ་མི་གཉིས་ཀྱིས་ཕྲུ་གུ་གསུམ་སྐྱེས་ཆོག་པའི་སྲིད་ཇུས་བཅས་རིམ་པས་འགྱུར་བ་བཏང་ཡང་། ཕྲུ་གུ་སྐྱེས་མཁན་ཧ་ཅང་ཉུང་བའི་དཀའ་ངལ་དེ་མུ་མཐུད་ནས་གནས་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱ་ནག་གི་སྨན་ཁང་མང་པོའི་ནང་ཕྲུ་གུ་སྐྱེས་བསུའི་ཚན་པ་སྒོ་རྒྱབ་པའི་ཐད་ལ་གཞུང་འབྲེལ་གྱིས་ཚན་པ་ཇི་ཙམ་སྒོ་རྒྱབ་པའི་སྐོར་གནས་ཚུལ་གང་ཡང་བཏོན་མེད། འོན་ཀྱང་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གཟའ་འཁོར་འདིའི་ནང་གནས་ཚུལ་ཞིག་བཏོན་པའི་ནང་། འདི་ལོ་རྒྱ་ནག་ནང་གི་སྨན་ཁང་མང་པོ་ཞིག་གིས་ཕྲུ་གུ་སྐྱེས་བསུའི་ཞབས་ཞུ་མཚམས་འཇོག་བྱས་པའི་སྐོར་བཀོད་ཡོད་ལུགས་ལུང་འདྲེན་བྱས་འདུག
རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས། ༢༠༢༠་དང་༢༠༢༡ལོའི་བར་ལ་རྒྱ་ནག་གི་ཕྲུ་གུ་སྐྱེས་བསུ་བྱེད་མཁན་གྱི་སྨན་ཁང་གྲངས་༨༠༧ནས་༧༩༣བར་ཉུང་དུ་ཕྱིན་ཡོད་པའི་གནས་ཚུལ་བཏོན་ཡོད་པའི་སྐོར་བཀོད་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།