འདས་བའི་༢༠༢༢ལོར་རྒྱ་ནག་གི་མི་འབོར་གློ་བུར་དུ་མར་ཆག་ཡོད་འདུག
ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་འབྲེལ་གྱི་བསྡོམས་རྩིས་བྱས་པའི་གྲངས་འབོར་ལས་ན་ནིང་༢༠༢༢ལོར་རྒྱ་ནག་ནང་ལོ་དྲུག་ཅུ་ལྷག་གི་རིང་ཐེངས་དང་པོར་མི་འབོར་ཇེ་ཉུང་དུ་ཕྱིན་པའི་གནས་ཚུལ་གསལ་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་དཔལ་འབྱོར་ཐད་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་། སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ལ་འགྱུར་བ་འགྲོ་བའི་གནས་སྟངས་ལས་མི་གྲངས་སྐྱེས་འཕེལ་ཉུང་དུ་ཕྱིན་ཡོད་འདུག
གནས་ཚུལ་ནང་། ངལ་རྩོལ་ནུས་ཤུགས་ཡོང་ཁུངས་ཀྱི་ལོ་ན་རྒན་པར་གྱུར་བ་དང་བསྟུན་ནས་འཛམ་གླིང་གི་མི་འབོར་མང་ཤོས་ཡིན་པའི་རྒྱ་ནག་རྒྱལ་ཁབ་འདིར་མི་གྲངས་ཉུང་དུ་འགྲོ་བའི་དཀའ་ཉེན་འདི་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཆགས་ཡོད་པ་དང་། གནད་དོན་དབྱེ་ཞིབ་པས། གནད་དོན་འདི་ནས་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་དང་། རྒྱལ་ཁབ་ཀྱི་དངུལ་གསོག་མཛོད་ཁང་ཐད་ཀྱང་གནོན་ཤུགས་ཡོང་གི་ཡོད་པ་བརྗོད་འདུག
ཉམས་ཞིབ་པས་འཚོ་བའི་མ་གནས་ལྡབ་འགྱུར་གྱིས་ཡར་འཕར་གྱི་ཡོད་ཕྱིར་བུད་མེད་མང་པོ་ངལ་རྩོལ་ནུས་པའི་ཚོང་རར་ཞུགས་དགོས་པ་དང་། ཚད་མཐོའི་སློབ་གསོར་འཚོལ་སྙེག་བྱས་པ་སོགས་ཀྱི་རྐྱེན་ཡིན་པ་བརྗོད་བཞིན་འདུག
ལོ་ན་༣༠ལྷག་ཡིན་པའི་ཧྲང་ཧེ་གྲོང་ཁྱེར་ནང་གནས་སྡོད་བུད་མེད་ཅིག་གིས། ཧྥ་རན་སིའི་གསར་སྤེལ་ཁང་ལ་ད་ལྟ་སུས་བྱིས་པ་སྐྱེས་ཕོད་དམ། ལས་ཀ་ཤོར་བའི་གནས་སྟངས་ཚབས་ཆེན་འདིའི་འོག་ཏོག་དབྱིབས་ནད་ཡམས་ཀྱིས་སྒྲིག་གཞི་ཚང་མ་གཏོར་ཚར་བ་རེད་ང་ཚོར་ཡང་ནུས་བ་གང་ཡང་ཡོད་པ་མ་མེད་རེད་ཅེས་བརྗོད་འདུག
རྒྱ་ནག་གི་མི་འབོར་ཞིབ་བཤེར་ལས་ཁུངས་(The National Bureau of Statistics)་ཕྱི་ལོ་༢༠༢༢ལོའི་ལོ་མཇུག་ཏུ་རྒྱ་ནག་ལ་མི་འབོར་དུང་ཕྱུར་བཅུ་བཞི་ལྷག་༼ཐེར་འབུམ ༡.༤༡༡༨༽་ཡོད་པ་དང་། དེ་ལོ་སྔོན་མ་དང་བསྡུར་ན་མི་གྲངས་འབུམ་བརྒྱད་དང་ཁྲི་ལྔ་ཉུང་དུ་ཕྱིན་ཡོད་འདུག དེ་བཞིན་རྒྱ་ནག་གི་སྡོམ་རྩིས་ལས་ཁུངས་ཀྱི་གྲངས་འབོར་ལྟར་ན། སྐྱེས་ཚད་དེ་ས་ཡ་དགུ་དང་འབུམ་ལྔ་ཁྲི་དྲུག་ཡིན་ཞིང་། ཤི་གྲངས་ས་ཡ་བཅུ་དང་འབུམ་བཞི་ཁྲི་ལྔ་ཡིན་འདུག
རྒྱ་ནག་གི་མི་འབོར་འབོར་ཆེན་ཇེ་ཉུང་དུ་བྱུང་བ་ཐེངས་སྔོན་མ་དེ། རྒྱ་ནག་ནང་དུས་རབས་སྔོན་མར། ལྟོགས་ཤི་ཆེན་པོ་ཐེབས་པའི་འཐབ་རྩོད་ཀྱི་དུས་སྐབས་ཡིན་ཞིང་། དེ་ནི་སྐབས་དེའི་འགོ་ཁྲིད་མའོ་ཙེ་ཏུང་གི་ཞིང་ལས་སྲིད་ཇུས་ཏེ་༼མཆོངས་བསྐྱོད་ཆེན་མོ༽ཞེས་པའི་མཇུག་འབྲས་ལས་བྱུང་བ་ཡིན་པ་གནས་ཚུལ་ནང་བཀོད་འདུག
གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།