བོད་རང་སྐྱོང་ལྗོངས་ཀྱི་ཚྭ་མཚོ་ཁར་ཞ་ཉེ་དཀར་པོའི་གཏེར་ཁ་སྔོག་འདོན་རྒྱ་ཆེར་བྱ་འཆར་གྱི་རིམ་པ་གཉིས་པར་སླེབས་པ་དེས། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ངེས་ཡིན་པ་ཁོར་ཡུག་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

2025.04.09
བོད་རང་སྐྱོང་ལྗོངས་ཀྱི་ཚྭ་མཚོ་ཁར་ཞ་ཉེ་དཀར་པོའི་གཏེར་ཁ་སྔོག་འདོན་རྒྱ་ཆེར་བྱ་འཆར་གྱི་རིམ་པ་གཉིས་པར་སླེབས་པ་དེས། བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ངེས་ཡིན་པ་ཁོར་ཡུག་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག ལག་ཀོར་མཚོ་རུ་ལི་ཐི་ཡམ་སྔོག་འདོན་ལས་གཞི་སྤེལ་བ། ཟླ་ཚེས་མི་གསལ།
མི་སེར་གསར་འགོད་པ།

བོད་རང་སྐྱོང་ལྗོངས་ཀྱི་ཚྭ་མཚོ་ཁར་ཞ་ཉེ་དཀར་པོའི་གཏེར་ཁ་སྔོག་འདོན་རྒྱ་ཆེར་བྱ་འཆར་གྱི་རིམ་པ་གཉིས་པར་སླེབས་པ་དེས་བོད་ཀྱི་ཁོར་ཡུག་དང་མི་མང་གི་བདེ་དོན་ཐོག་གཏོར་བཤིག་ཚབས་ཆེན་ཐེབས་ཉེན་ཆེ་ཞིང་། འདས་པའི་གནས་ཚུལ་ནང་བོད་ཀྱི་ས་ཆ་མི་ཉག་ལྷ་སྒང་དུ་ལི་ཐིམ་གྱི་གཏེར་ཁ་སྔོག་འདོན་གྱིས། གཏེར་རྫས་བཙག་འདོན་གྱི་བརྒྱུད་རིམ་ནང་ཆུ་ཧ་ཅང་མང་པོ་བེད་སྤྱོད་བཏང་བ་རྣམས་ལ་འབག་བཙོག་ཤོར་ཏེ་མི་ཕྱུགས་ལ་དུག་ཕོག་པའི་གནོད་འཚེ་ཐེབས་ཡོད་པ་ཁོར་ཡུག་ཉམས་ཞིབ་པས་ཉེན་བརྡ་བཏང་ཡོད།

དེ་ཡང་རྒྱལ་སྤྱིའི་ནང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ལ་གནོད་སྐྱོན་ཆུང་བའི་གློག་སྒུལ་འཕྲུལ་འཁོར་དང་ཉི་གློག ཁ་པར་དང་གློག་ཀླད་ལ་སོགས་དེང་དུས་ཀྱི་འཕྲུལ་རིགས་སྣ་ཚོགས་ལ་དགོས་མཁོ་ཆེ་ཤོས་ཀྱི་གློག་རྫས་ཤིག་ནི། ཞ་ཉེ་དཀར་པོའམ་དབྱིན་ཇིའི་སྐད་དུ་(Lithium)ཞེས་འབོད་པའི་གཏེར་རྫས་གལ་ཆེན་དེ་ཆགས་ཡོད་ཅིང་། འབྱུང་འགྱུར་སྤྱི་ལོ་ ༢༠༣༠ ལོ་ཙམ་ནས་རྒྱལ་སྤྱིའི་ཁྱོན་དུ་གཏེར་རྫས་ལི་ཐིམ་འདི་བཞིན་ད་ལྟའི་དགོས་མཁོ་ལས་ལྡབ་གསུམ་འཕར་ཏེ་ལོ་རེའི་ནང་ལི་ཐིམ་ཞ་ཉེ་དཀར་པོ་ཊོན་ས་ཡ་གཅིག་དང་འབུམ་ལྔ་རེ་སྔོག་འདོན་མཁོ་སྤྲོད་བྱེད་དགོས་པའི་ཚོད་དཔག་བྱེད་བཞིན་པའི་ཛ་དྲག་གི་སྐབས་འདིར། བོད་རང་སྐྱོང་ལྗོངས་ཀྱི་ཚྭ་མཚོ་ཁར་ལི་ཐིམ་ཊོན་ས་ཡ་གཉིས་ལྷག་བརྒལ་བའི་གཏེར་ཁ་རྙེད་པ་དང་མཚུངས། རྒྱ་ནག་གཞུང་གིས་སྔ་མོ་ནས་གཏེར་ཁ་སྔོག་འདོན་འགོ་བཙུགས་ཟིན་པ་མ་ཟད། ད་ཆ་ཕྱི་རྒྱལ་གྱི་གཏེར་རྫས་དང་གྲོང་ཁྱེར་གྱི་ཆུ་བཙོག་སོགས་གཙང་བཟོའི་འཕྲུལ་རིག་ལག་རྩལ་PolyCera®བཟོ་ཚོང་ཁང་ཚྭ་མཚོ་ཁའི་རིམ་པ་གཉིས་པའི་གཏེར་ཁ་བསྔོག་འདོན་དུ་བདམས་ཏེ། སྔར་ལས་ཀྱང་ཞ་ཉེ་དཀར་པོ་ཐོན་སྐྱེད་དང་སྔོག་འདོན་རྒྱ་ཆེ་བྱ་འཆར་ཡོད་སྐོར། PolyCera®བཟོ་ཚོང་ཁང་གིས་དགའ་སྤོབས་དང་བཅས་ཏེ་བསྒྲགས་ཡོད་ནའང་། བོད་ནང་གི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ནས། གཏེར་ཁ་བསྔོག་འདོན་གྱི་ལས་གཞི་དེས་བོད་ཀྱི་ཁོར་ཡུག་དང་མི་མང་གི་བདེ་དོན་ཐོག་གཏོར་བཤིག་ཚབས་ཆེན་ཐེབས་ཉེན་ཆེ་ཞིང་། འདས་པའི་གནས་ཚུལ་ནང་བོད་ཀྱི་ས་ཆ་མི་ཉག་ལྷ་སྒང་དུ་ལི་ཐིམ་གྱི་གཏེར་ཁ་སྔོག་འདོན་གྱིས། གཏེར་རྫས་བཙག་འདོན་གྱི་བརྒྱུད་རིམ་ནང་ཆུ་ཧ་ཅང་མང་པོ་བེད་སྤྱོད་བཏང་བ་རྣམས་ལ་འབག་བཙོག་ཤོར་ཏེ་མི་ཕྱུགས་ལ་དུག་ཕོག་པའི་གནོད་འཚེ་ཐེབས་ཡོད་པ་མ་ཟད། དར་རྩེ་མདོ་ལའང་གཏེར་རྫས་དེ་རིགས་སྔོག་འདོན་བྱས་པར་བོད་མི་ཚོ་འུ་ཐུག་ནས་ངོ་རྒོལ་བྱ་དགོས་ཐུག་ཡོད་པ་བཅས་འགྲེལ་བརྗོད་གནང་གི་འདུག

PolyCera®བཟོ་ཚོང་ལས་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣ་ཅཱན་པོ་ཝུན་ཟེར་བས་རྒྱ་ནག་གཞུང་གིས་ཁོ་ཚོ་ལ་ཡིད་ཆེས་བརྟན་པོ་བྱས་པ་དང་། ཁོ་ཚོའི་ལག་རྩལ་གྱི་འཇོན་ནུས་ལ་ངོས་འཛིན་ཐོབ་པ་ནི་ཁོ་རང་ཚོའི་བཟོ་ཚོང་ཁང་དེའི་གཟི་བརྗིད་ཡིན་པ་དང་། ཁོ་ཚོའི་ངོས་ནས་ལས་གཞི་འདིའི་དུས་རིམ་གཉིས་པའི་ནང་། རྒྱུན་མཐུད་གསར་གཏོད་ཐད་འགོ་ཁྲིད་ཀྱི་ནུས་པ་འདོན་ཐུབ་པ་མངོན་གསལ་དོད་པོས་མཚོན་ཐུབ་པའི་མུར། འཛམ་གླིང་སྤྱིའི་བཙོག་ཆུའི་དཀའ་ངལ་སྣེ་མང་སེལ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་བཤད་ཡོད་མོད། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་བློ་བཟང་གཡང་མཚོ་ལགས་ནས། སྤྱིར་བཏང་འཛུགས་སྐྲུན་དང་གཏེར་ཁ་སྔོག་འདོན་གྱི་སྐབས་ས་གནས་སུ་ཁོར་ཡུག་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་བརྩི་སྲུང་བཅས་བྱ་དགོས་ནའང་། རྒྱ་ནག་གཞུང་ལ་དེ་འདྲའི་ལག་བསྟར་གྱི་གོམས་གཤིས་མེད་པ་དང་ཆབས་ཅིག བོད་ནང་ཕྱི་རྒྱལ་གྱི་གཏེར་ཁ་སྔོག་འདོན་པ་བཟོ་ཚོང་ཁང་རྣམས་རྒྱ་ནག་དང་ལག་འབྲེལ་བྱས་པར། ང་ཚོས་དོ་སྣང་བྱས་ཏེ་བཀག་སྡོམ་ཡོང་ཐབས་སུ་བོད་མི་ཚོས་ཐབས་ཤེས་བྱེད་དགོས་པ་གལ་ཆེན་རེད་ཅེས་གསལ་སྟོན་གནང་གི་འདུག

འཛམ་གླིང་སྤྱི་ལ་གནམ་གཤིས་འགྱུར་ལྡོག་གི་དཀའ་ཉེན་ཆུང་དུ་གཏོང་བ་དང་མཁའ་རླུང་འབག་བཙོག་ཇེ་ཉུང་དུ་བཏང་ཐབས་སུ། འབྱུང་འགྱུར་སྤྱི་ལོ་ ༢༠༣༠ ལོ་ནས་རྒྱ་ནག་གཞུང་གིས་ཕྱིར་ཚོང་རླངས་འཁོར་བརྒྱ་ཆ་ ༤༠ དང་། ཡོ་རོབ་མནའ་མཐུན་གྱི་ཕྱིར་ཚོར་རླངས་འཁོར་བརྒྱ་ཆ་ ༥༥ ཙམ་གློག་སྒུལ་ནུས་པའི་འཕྲུལ་འཁོར་དུ་བསྒྱུར་རྒྱུའི་དམིགས་ཚད་བཟུང་སྟེ། ཞ་ཉེ་དཀར་པོའི་གཏེར་རྫས་འདི་ཧ་ཅང་དཀོན་པོ་དང་དགོས་མཁོ་ཆེན་པོ་ཆགས་ཡོད་པར་བརྟེན། རྒྱ་ནག་རྒྱལ་ཡོངས་ཀྱི་ལི་ཐིམ་ཞ་ཉེ་དཀར་པོའི་གཏེར་ཁ་གསོག་ཚད་མང་ཤོས་དེ་བོད་རང་སྐྱོང་ལྗོངས་ཀྱི་ཚྭ་མཚོའི་གཏེར་ཁ་དེ་ཡིན་པས། རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་འདི་ནི་འཛམ་གླིང་གི་གློག་རྫས་མ་འདང་བའི་དཀའ་ངལ་སེལ་ཐབས་ལ་གདོང་ལེན་ཛ་དྲག་ཅིག་ཡིན་པའི་སྐོར་འུར་སྒྲོག་བྱེད་བཞིན་པ་རེད། ། 

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎