རྒྱ་ནག་གི་རྩེད་འགྲན་མ་གྲགས་ཅན་ཞིག་གིས་ཁོང་མོར་རྒྱ་ནག་གི་སྲིད་བློན་གཞོན་པས་དེ་སྔ་བཙན་གཡེམ་བྱས་བའི་ཉེས་འཛུགས་བྱས་འདུག

རྒྱ་ནག་གི་དྲྭ་སྤོལ་ཊེ་ནི་སི་(Tennis)་རྩེད་འགྲན་པ་གྲགས་ཅན་(Peng Shuai)་ཡིས་སྤྱི་ཟླ་༡༡་ཚེས་༢་ཉིན་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་(Weibo)་ཐོག ཡིག་འབྲུ་༡༧༠༠་ཙམ་ཡོད་པའི་གནས་ཚུལ་ཞིག་སྤེལ་ཡོད་པའི་ནང་དུ། རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་(Zhang Gaoli)་ཡིས། དེ་སྔ་ཁོང་ལས་ཐོག་སྲིད་བློན་གཞོན་པ་ཡིན་པའི་སྐབས་སུ་ཁོ་མོར་བཙན་གཡེམ་བྱས་ཡོད་པ་དང་། དེའི་རྗེས་ཁོ་མོ་ཁོའི་མཛའ་མོ་བྱེད་དུ་བཅུག་ཡོད་པ་སོགས་ཀྱི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཡིན་ན་ཡང་གནས་ཚུལ་དེ་སྤེལ་ནས་སྐར་མ་༢༠་ཙམ་ལས་མ་འགོར་བར། ཝེ་པོ་(Weibo)་དྲ་བས་ལམ་སེང་ནག་སུབ་བཏང་ཡོད་པ་མ་ཟད། ད་ཆ་རྒྱ་ནག་གཞུང་གིས་གནས་ཚུལ་དེའི་སྐོར་གླེང་སློང་མི་ཆོག་པའི་དམ་དྲག་དང་དེ་འབྲེལ་གྱི་གནས་ཚུལ་ཚང་མ་བཀག་སྡོམ་བྱས་ཡོད་འདུག
གནས་ཚུལ་དེ་(Weibo)་ཐོག་སྐར་མ་༢༠་ཙམ་ལས་བཞག་མེད་ཀྱང་། རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་(Zhang Gaoli)་ནི་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གི་ཁྱིམ་བརྒྱུད་དང་འབྲེལ་བ་ཉེ་པོ་ཡོད་པ་སོགས་ཀྱིས་དབང་གིས། རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་དུ་གནས་ཚུལ་དེའི་སྐོར་ལ་གླེང་སློང་ཤུགས་ཆེ་བྱས་ཡོད་པས་མ་ཟད། (Zhang Gaoli)་དང་ཁོ་པའི་སྤུན་མཆེད་སོགས་ཀྱིས་ལྐོག་ཟ་བྱས་པ་སོགས་དང་འབྲེལ་བའི་དེ་སྔའི་གནས་ཚུལ་མང་པོ་ཞིག་དྲ་ལམ་དུ་ཤུགས་ཆེ་ཁྱབ་ཡོད་པ་རེད། ཡིན་ན་ཡང་རྒྱ་ནག་གཞུང་གིས་གནས་ཚུལ་དེའི་སྐོར་ལ་ཕྱོགས་ཡོངས་ནས་བཀག་རྒྱ་དམ་པོ་བྱས་མཐར། ད་ཆ་རྒྱ་ནག་ནང་དུ་གནས་ཚུལ་དེའི་སྐོར་ལ་ཁ་གསལ་པོས་གླེང་སློང་བྱེད་མི་ཕོད་པ་བཟོས་ཡོད་པ་རེད།
རྩེད་འགྲན་པ་ཕིན་ཧྲེས་(Peng Shuai)་ཡིས་(Weibo)་ཐོག་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གི་སྲིད་བློན་གཞོན་པ་ཟུར་པ་(Zhang Gaoli)་ཡིས་ཁོ་མོར་ཐེངས་དང་པོ་བཙན་གཡེམ་བྱས་པའི་སྐབས་སུ་ཁོ་མོ་ལོ་༡༩་དང་། སྐབས་དེར་(Zhang Gaoli)་ལོ་༥༩་ཡིན་པ་རེད། དེ་བས་ཧ་ལས་དགོས་པ་ཞིག་ལ་གནས་ཚུལ་དེ་(Zhang Gaoli)་ཡི་བཟའ་ཟླས་ཤེས་རྟོགས་ཡོད་པ་མ་ཟད། སྐབས་དེར་མོས་སྒོ་ཁ་ནས་སྲུང་སྡད་པ་སོགས་བཀོད་ཡོད་པ་རེད་འདུག
རྩེད་འགྲན་པ་(Peng Shuai)་ལ་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་(Weibo)་ཐོག་རྗེས་འབྲངས་པ་ཞེན་མི་ཁྲི་༢༣༨༠(བྱེ་བ་༢་དང་ས་ཡ་༣་འབུམ་༨)་ལྷག་ཡོད་པ་དང་། ད་ཆ་གནས་ཚུལ་འདིའི་སྐོར་ལ་ཨ་རིའི་ནིའུ་ཡོག་དུས་བབ་དང་། ཝ་ཤིན་ཀྲོན་ཕོ་ཉ་(Washington post)་སོགས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོས་གནས་ཚུལ་བཀོད་སྤེལ་བྱས་ཡོད་ཀྱང་ད་ལྟའི་ཆར་ཁོ་མོའི་གནས་སྟངས་ཁ་གསལ་མེད་པ་རེད།
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།