རྒྱ་ནག་གི་གསར་འགྱུར་ནང་ཨ་རིའི་གཞུང་བུན་སྐོར་གླེང།
2011.08.17
༄༅༎ཨ་རིའི་སྲིད་འཛིན་སྐུ་གཞོན་པ་ཇོ་སེཕ་སྦའེ་ཌེན་མཆོག་རྒྱ་ནག་ཏུ་ཉིན་ལྔའི་གཞུང་འབྲེལ་ཕྱོགས་སྐྱོད་ལ་མ་ཐོན་པའི་སྔ་ནུབ་ཏུ་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་གྲགས་ཆེན་ཞིག་ནང་ཨ་རི་གཞུང་གི་གཞུང་བུན་ཆེ་བའི་དཀའ་རྙོག་སེལ་ཐབས་གནང་གལ་ཆེ་བའི་ནན་སྐུལ་གནང་འདུག རྒྱ་ནག་གི་འབྱུང་འགྱུར་སྲིད་འཛིན་ཞི་ཅིན་ཕིང་གིས་གདན་ཞུ་གནང་བ་ལྟར་ཨ་རིའི་སྲིད་འཛིན་སྐུ་གཞོན་སྦའེ་ཌེན་མཆོག་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་ཏུ་ཕྱོགས་ཕེབས་གནང་ཡོད་ཅིང་། འདི་ལོ་ཨ་རི་གཞུང་གི་གཞུང་བུན་གཏོང་ལེན་བྱེད་པའི་མཐོ་ཚད་་སྤར་ཆ་བྱེད་ཕྱོགས་ཐད་གྲོས་ཚོགས་ཀྱི་བཀའ་འཁྲོལ་གཏོང་རྒྱུར་དུས་འགྱངས་བྱུང་བའི་དཀའ་རྙོག་དང་། དེས་རྐྱེན་པས་ཨ་རི་གཞུང་གི་བུན་ལོན་གཏོང་ལེན་བྱེད་པར་ཡིད་བརྟན་རུང་མིན་གྱི་ཚད་གཞི་Aགསུམ་ལྡན་ནས་གཉིས་ལ་མར་གཟར་བའི་དབང་གིས་འཛམ་གླིང་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་གནད་དོན་སྐོར་རྒྱ་ནག་ནང་གླེང་སློང་ཤུགས་ཆེ་བྱེད་བཞིན་པ་རེད། ཨ་རིའི་ནོར་སྲིད་ཁང་གི་དངུལ་འཛིན་གན་ཡིག་མ་གནས་ཨ་སྒོར་ཐེར་འབུམ་གཅིག་དང་ཚེག་གཉིས་ཙམ་རྒྱ་ནག་གི་ཉོས་ཡོད་པས་འཛམ་གླིང་ནང་ཨ་རིའི་བུན་བདག་ཆེ་ཤོས་རྒྱ་ནག་ཆགས་ཀྱི་ཡོད་པས་རྒྱ་ནག་ལ་སེམས་ཁྲལ་ཆེ་ཤོས་ཡོད་པ་རེད། ཨ་རི་གཞུང་གིས་འགན་ཁུར་བའི་ཐོག་གཞུང་བུན་ཆེ་དྲགས་པའི་དཀའ་ངལ་སེལ་ཐབས་སུ་ཨ་རི་གཞུང་གི་ལས་འཆར་ངེས་གཏན་གཏན་འབེབས་གནང་གལ་ཆེ་ལུགས་རྒྱ་ནག་གུང་གྲན་ཏང་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ནང་བཀོད་ཡོད་པ་རེད། རྒྱ་ནག་གཞུང་གིས་གཉེར་བའི་གསར་འགྱུར་བརྒྱུད་ལམ་ཁག་ནས་འདས་པའི་དུས་ཡུན་གང་འཚམ་རིང་ཨ་རི་གཞུང་གི་དངུལ་བུན་མཐོ་དྲགས་པར་སྐྱོན་བརྗོད་སྣ་ཚོགས་སྤེལ་ཡོད་ཅིང་།
ཨ་རི་གཞུང་གིས་འགན་འཁུར་ལེན་གྱི་མེད་པ་དང་། ཨ་རི་མི་མང་གི་ཡོང་སྒོ་དང་མཚུངས་པའི་འགྲོ་གྲོན་གཏོང་དགོས་པ་ལས་ཡོང་སྒོ་མེད་པའི་གཏོང་སྒོ་བྱེད་མི་རུང་བ་སོགས་ཀྱི་སྐྱོན་བརྗོད་བྱས་དང་བྱེད་བཞིན་པ་རེད། ཡང་ཐའེ་ལྦན་དང་བོད་ཀྱི་གནད་དོན་གཉིས་ནི། རྒྱ་ནག་དང་ཨ་རི་གཉིས་དབར་མི་མཐུན་པའི་འགལ་ཟླ་ཆགས་གཞི་ཡིན་ཞིང་། ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱས་པར་རྒྱ་ནག་གིས་དགག་པ་རྒྱག་གི་ཡོད་པ་རེད། ཕྱོགས་མཚུངས་༧གོང་ས་མཆོག་ཨ་རིའི་ནང་ནམ་ཕེབས་ལ་རྒྱ་ནག གཞུང་གིས་དགག་པ་གང་ཐུབ་རྒྱག་གི་ཡོད་པ་རེད༎