རྒྱ་ནག་གཞུང་གིས་ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་པའི་བཀོད་རྒྱ་བཏང་འདུག


2020.07.24
ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཡག་ལག་ལས་ཁུངས་མདུན། ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཡག་ལག་ལས་ཁུངས་མདུན།
AFP

རྒྱ་ནག་དང་ཨ་མི་རི་ཀའི་བར་གྱི་འབྲེལ་བའི་གནས་སྟངས་དེ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་དུས་སྐབས་འདིར། འདི་ཚེས་༢༡་ཉིན་ཨ་མི་རི་ཀས་ཨ་མི་རི་ཀའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་སྒོ་རྒྱག་དགོས་པའི་བཀོད་རྒྱ་བཏང་བའི་རྗེས། འདི་ཚེས་༢༤་རེས་གཟའ་པ་སངས་ཉིན། རྒྱ་ནག་གཞུང་གིས་དེར་འཁོན་ལན་སློག་ཆེད་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ཉིན་གསུམ་ནང་ཚུད་སྒོ་རྒྱག་དགོས་པའི་བཀོད་རྒྱ་བཏང་ཡོད་འདུག
ཨ་མི་རི་ཀ་གཞུང་གིས་ཁ་གསལ་ངང་རྒྱ་ནག་གིས་གཞུང་ཚབ་ཡག་ལག་ལས་ཁུངས་ནང་གསང་ཉུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་དང་ཨ་རིའི་སྤྱི་དམངས་སྒེར་གྱི་གནས་ཚུལ་ལ་སྲུང་སྐྱོབ་ཀྱི་ཆེད་དུ། ཨ་རིའི་ཊེཁུ་སེ་སུ་(Texas)་མངའ་སྡེའི་ཧོའི་སུ་ཊོན་(Houston)་གྲོང་ཁྱེར་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ཆུ་ཚོད་༧༢་ནང་སྒོ་རྒྱག་དགོས་བའི་བཀོད་རྒྱ་བཏང་ཡོད་པ་དང་། རྒྱ་ནག་གཞུང་གི་ངོས་ནས་དེར་འཁོན་ལན་སློག་ཆེད་ཙམ་ལས་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་པའི་རྒྱུ་མཚན་གསལ་བོ་མེད་པ་རེད།
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེན་སྦེན་གྱིས། ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་ལས་བྱེད་པ་ཁག་ཅིག་གིས། རང་ཉིད་ཀྱི་ལས་ཀའི་ངོ་བོ་དང་མི་མཐུན་པའི་ལས་དོན་སྤེལ་བ་དང་། རྒྱ་ནག་རྒྱལ་ནང་གི་ལས་དོན་ནང་ཐེ་གཏོགས་བྱས་པ་མ་ཟད། རྒྱ་ནག་གི་སྲུང་སྐྱོབ་ཁེ་ཕན་ལ་གནོད་སྐྱོན་བཏང་ཡོད་སྐོར་བརྗོད་ནའང་ཇི་ལྟར་གནོད་སྐྱོན་བཏང་རབས་གསལ་བོ་བཤད་མེད་པ་རེད།
སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནང་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་དེ། ཐོག་མར་ཕྱི་ལོ་༡༩༨༥་ལོར་བཙུགས་གནང་བ་ཞིག་ཡིན་པ་དང་། དེར་ལས་བྱེད་པ་མི་གྲངས་ ༢༠༠་ཡོད་པའི་ཁོངས་ནས་ལྔ་བཅུ་ཙམ་ཨ་མི་རི་ཀའི་མི་སེར་དང་། དེའི་འཕྲོས་ ༡༥༠་སྐོར་ཞིག་ས་གནས་ཀྱི་རྒྱ་མི་རིགས་ཡིན་པ་རེད། ལས་ཁུངས་དེའི་ངོས་ནས་རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དང་སི་ཁྲོན་ཞིང་ཆེན་བཅས་ཀྱི་མི་ཚོར་ཐོངས་མཆན་སྤྲོད་པ་སོགས་ཀྱི་ལས་ཀ་བྱེད་བཞིན་པ་རེད། དེ་སྔོན་རྒྱ་ནག་ནང་ཐོག་མར་ཏོག་དབྱིབས་ནད་ཡམས་དེ་ཐོན་པའི་རྗེས། ཨ་མི་རི་ཀའི་ཕྱི་འབྲེལ་ལས་བྱེད་མང་པོ་ཞིག་རྒྱ་ནག་ནས་ཨ་རིར་གནས་སྤོ་བྱས་པའི་དབང་གིས་ད་ལྟའི་ཆར་ལས་ཁུངས་དེར་ཨ་མི་རི་ཀའི་ལས་བྱེད་ཀྱི་གྲངས་འབོར་དེ་གསལ་པོ་མེད་པ་རེད།གནས་ཚུལ་དེའི་ཐད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་དགོངས་ཚུལ་བཅར་འདྲི་ཞུས་སྐབས། ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་ལྕམ་སོ་ཧྥི་རི་ཆརཌ་སཱན་(Sophie Richardson)་ལགས་ཀྱིས། གནས་སྟངས་དེ་ནི་ཨ་མི་རི་ཀ་དང་རྒྱ་ནག་གཞུང་གཉིས་བར་གྱི་འབྲེལ་བ་སྡུག་ཏུ་ཕྱིན་པ་ལས། གཞན་བརྗོད་དཀའ་ཡང་ང་ཚོ་བོད་ནང་དང་ཤིན་ཅིང་ཡུ་གུར་ས་ཁུལ་ཁག་ནང་གི་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་གྱི་ཐོག་ནས་བལྟས་ན། དངོས་ཡོད་དཀའ་ངལ་ཆེན་པོ་གཅིག་ཆགས་པ་རེད་ཟེར།
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Matteo Mecacci)་ལགས་ཀྱིས། རྒྱ་ནག་གཞུང་གིས་ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱག་རྒྱུའི་གནས་ཚུལ་འདི་མ་བྱུང་གོང་ནས། ཨ་མི་རི་ཀའི་ཕྱི་འབྲེལ་དཔོན་རིགས་རྣམས་བོད་ཀྱི་ས་ཁུལ་ཁག་ཏུ་དེ་ཙམ་འགྲོ་བསྐྱོད་ཐུབ་མེད། ད་ཆ་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་གཞིའི་ནང་དོན་དང་། བོད་དོན་སྲིད་བྱུས་ཁྲིམས་ཡིག་ ༢༠༠༢ ་ནང་ཨ་མི་རི་ཀའི་གཞུང་ལ་བོད་ནང་གི་གནས་སྟངས་ལྟ་ཞིབ་དགོས་པ་གསལ་ཡོད་སྟབས། ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ཡོད་མེད་ལ་མ་ལྟོས་པར། ཁྲིམས་ཡིག་འབྲུ་དོན་ཚུལ་བཞིན་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ་ཨ་རིའི་གཞུང་གིས་མུ་མཐུད་འབད་བརྩོན་གནང་རྒྱུའི་འདེང་སྤོབས་ཡོད་ཟེར།
གཞན་ཨ་མི་རི་ཀའི་ཁྲིམས་ལུགས་དབང་འཛིན་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་ཤིག་གིས། ཨ་རིས་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱབ་པའི་རྒྱུ་མཚན་གསུངས་སྐབས། རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་ནང་དུ་ཕྱི་རྒྱལ་གཞུང་ཚབ་ལས་ཁུངས་མངའ་དབང་ཐོབ་ཐང་བེད་སྤྱོད་ལོག་པར་གཏོང་གི་ཡོད་པ་དང་། སོ་མྱུལ་དང་། ཡིག་ཆ་རྐུ་འཁྱེར་ནི་ཨ་རིའི་རྒྱལ་སྲུང་ལ་ཉེན་ཁ་ཆགས་ཡོད་ཅེས་དང་། ད་དུང་རྒྱ་ནག་བཅིངས་གྲོལ་དམག་དོན་སྒྲིག་འཛུགས་ཀྱིས་ངོས་འཛིན་ཡོད་པའི་མི་སྣ་ཞིག་ཨ་རིའི་ནང་སློབ་ཕྲུག་གི་ཐོངས་མཆན་ཞུས་ནས་སླེབས་ཤིང་། སན་ཧྥརན་སེ་སི་ཀོ་(San Francisco)་རྒྱ་ནག་གཞུང་ཚབ་ཡན་ལག་ལས་ཁུངས་སུ་སྦས་སྐུང་བྱས་བ། ད་དུང་དེ་འདྲའི་ཤུགས་རྐྱེན་ལྡན་པའི་མི་མང་པོ་ཞིག་གྲོང་ཁྱེར་༢༥་ཙམ་ནང་དཀྲམ་ནས་ཡོད་པ་ཨ་མི་རི་ཀའི་ཡིད་ཆེས་བྱེད་ཀྱི་ཡོད་ཅིང་། དེ་དག་ལ་རྒྱ་ནག་གཞུང་ཚབ་ཡན་ལག་ཁག་ལས་ཁུངས་ཚོས་རོགས་རམ་དང་ལམ་སྟོན་བྱེད་ཀྱི་ཡོད་པ་གསུངས་ཡོད།
ཡང་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་མཐོ་རིམ་དཔོན་རིགས་ཤིག་གིས། རྒྱ་ནག་གཞུང་དང་ཨ་རིའི་བར་ཐབས་བྱུས་ཀྱི་དམག་འཐབ་འདི་ལོ་ངོ་ ༤༠ ་ཙམ་རིང་བྱུང་ཞིང་། ཨ་རིས་ཉེ་ལམ་ཕྱི་ཟླ་ ༦ ་པ་དང་། སྔ་ལོའི་ཕྱི་ཟླ་ ༨་པ་བཅས་སུ་རིམ་པར་རྒྱ་ནག་གི་དཔོན་རིགས་ཚོར། ལོ་མང་རིང་རྒྱ་ནག་གིས་ཁྲིམས་འགལ་བྱ་སྤྱོད་སྤེལ་བཞིན་པ་ད་ཆ་མཚམས་འཇོག་དགོས་པ་ལན་མང་བརྗོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་ཁྲིམས་འགལ་གྱི་བྱ་ཐབས་ངན་པ་ལག་བསྟར་བྱེད་བཞིན་ཡོད་པ་གསུངས་ནས་ད་རེས་རྒྱ་ནག་གི་གཞུང་ཚབ་ཡན་ལག་སྒོ་རྒྱབ་པའི་རྒྱུ་མཚན་གསལ་སྟོན་བྱས་ཡོད།
ཡང་བོད་ལྷ་ས་དང་ཨ་རིའི་སྦོལ་ཌར་སྤུན་སྲིང་གྲོང་ཁྱེར་འབྲེལ་ལམ་ལས་འཆར་གྱི་གཙོ་འཛིན་(Bill Warnock)་ལགས་ཀྱིས། གནས་སྟངས་འདིས་བོད་ནས་ཚུར་སྦོལ་ཌར་ཁུལ་དུ་ཡོང་མཁན་ཚོར་ཐོངས་མཆན་གྲ་སྒྲིག་ཞུ་རྒྱུ་སོགས་ལ་དཀའ་ངལ་ཆགས་སྲིད་པ་གསུང་བྱུང་།
ད་ཐེངས་རྒྱ་ནག་གིས་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས་པའི་རྗེས། འཛམ་གླིང་གི་མ་རྐང་ཁྲོམ་རའི་མ་རྐང་གི་རིན་གོང་མར་ཆག་པ་དང་། རྒྱ་ནག་སྤྱི་ཡོངས་ཀྱི་མ་རྐང་གི་རིན་གོང་བརྒྱ་ཆ་བཞི་དང་ཕྱེད་ཀ་ཙམ་མར་ཆག་ནས་ཡུལ་དེའི་རྒྱ་སྒོར་གྱི་ཛ་ཐང་ཡང་བདུན་ཕྲག་གཉིས་ཀྱི་ནང་དམའ་ཤོས་སུ་ལྷུང་ཡོད་པ་རེད།
རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོས་ད་ཐེངས་རྒྱ་ནག་གིས་ཨ་མི་རི་ཀའི་གཞུང་ཚབ་ཡན་ལག་ལས་ཁུངས་ཤིག་སྒོ་རྒྱག་རྒྱུའི་ཐག་གཅོད་དེར་བསྔགས་བརྗོད་བྱེད་ཀྱི་ཡོད་པ་དང་། ཨ་མི་རི་ཀའི་གཞུང་གི་ངོས་ནས་དེ་སྔོན་བཞིན་རྒྱ་ནག་ནང་ཡོད་པའི་ཨ་མི་རི་ཀའི་མི་སེར་རྣམས་ལ་ཉེན་བརྡ་བཏང་གནང་བའི་ནང་། རྒྱ་ནག་གཞུང་གིས་གང་བྱུང་འཛིན་བཟུང་དོ་དམ་དང་དེ་མིན་རྒྱལ་ཁབ་དེ་ནས་ཕྱིར་ཐོན་རྒྱུར་བཀག་འགོག་བྱེད་པའི་ཉེན་ཁ་ཡོད་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།
རྒྱ་ནག་དང་ཨ་མི་རི་ཀའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་གནས་བབས་དེ། འདི་ལོ་ནས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་པ་དང་། རྒྱལ་ཁབ་གཉིས་བར་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་ཡམས་དང་། རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ། འཕྲུལ་རིག་དང་རིག་གནས་བདག་དབང་རྐུ་འཁྱེར། ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་གནད་དོན། ཧོང་ཀོང་ནང་དྲག་གནོན་སོགས་པའི་གནད་དོན་མང་དག་ཅིག་གི་ཐོག་འགལ་ཟླ་ཤུགས་ཆེ་བྱུང་དང་བྱུང་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎