རྒྱ་ནག་གིས་ཐའེ་ལྦན་ལ་དོམ་ཕྲ་གཉིས་དབོར་འདྲེན་བྱས་པ།
2008.12.22
༄༅༎རྒྱ་ནག་གིས་ཐའེ་ལྦན་ལ་དོམ་ཕྲ་གཉིས་སྤྲོད་རྒྱུའི་འཆར་གཞི་བཞིན་གཟའ་ཟླ་བའི་ཉིན་བྱི་ལ་དོམ་ཕྲ་གཉིས་བདེ་འཇགས་ངང་རྒྱ་ནག་ནང་ཐའེ་ལྦན་ནང་དབོར་འདྲེན་ཐུབ་རྒྱུའི་ཆེད་རྒྱ་ནག་གྲན་ཏུའི་གནམ་ཐང་དུ་ཉེན་རྟོག་པ་ལྔ་བརྒྱ་ལྷག་ཙམ་བཀོད་འགྲེམས་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་ཡོད་པ་རེད།
བྱི་ལ་དོམ་ཕྲ་གཉིས་འོར་འདྲེན་ཆེད་ཐའེ་ལྦན་གྱི་གྲང་རུང་འགྲུལ་བསྐྱེལ་གནམ་གྲུའི་ལས་ཁང་གི་འགྲུལ་བསྐྱེལ་གནམ་གྲུ་དང་དེའི་ནང་ཐའེ་བད་གྲོང་ཁྱེར་གྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ཡང་མཉམ་དུ་ཡོད་ཅིང་ཐའེ་ལྦན་གྱི་བྱི་ལ་དོམ་ཕྲ་འོར་འདྲེན་གྱི་གནམ་གྲུ་དེ་གཟའ་ཟླ་བའི་ཉིན་རྒྱབ་དུ་གྲན་ཏུའུ་ཧྲོང་ལིའུ་གནམ་ཐང་དུ་འབྱོར་ཡོད་པ་དང་གཟའ་མིག་དམར་ཉིན་རྒྱབ་དུ་དོམ་ཕྲ་ཐན་ཐན་དང་ཡོན་ཡོན་ཞེས་པ་གཉིས་འཁྱེར་ནས་ཐའེ་ལྦན་དུ་ཐོན་རྒྱུ་ཡིན་པ་རེད། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་དོམ་ཕྲ་གཉིས་གནམ་ཐང་དུ་ཡོང་བའི་ལམ་བར་ཚང་མ་བཀག་སྡོམ་བྱ་རྒྱུ་ཡིན་པ་འཁོད་འདུག ཡིན་ནའང་ཐའེ་ལྦན་ནང་ཕྱོགས་འགལ་དམངས་གཙོ་ཡར་རྒྱས་ཚོགས་པས་གཙོས་པའི་མི་སྣ་མང་པོས་རྒྱ་ནག་གཞུང་གིས་ཐའེ་ལྦན་དུ་བྱི་ལ་དོམ་ཕྲ་ཕྱོགས་གཉིས་དབར་གྱི་འབྲེལ་ལམ་བཟང་ཏུ་བསྐྱོད་རྒྱུར་དམིགས་ནས་ལག་རྟགས་སུ་སྤྲད་ཡས་དེ་ནི་དོན་དངོས་ཐོག་རྒྱ་ནག་གིས་ཐའེ་ལྦན་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་དྲིལ་བསྒྲགས་ཤིག་ཡིན་པ་བརྗོད་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ཉིས་སྟོང་དྲུག་ལོར་རྒྱ་ནག་གཞུང་གིས་ཐའེ་ལྦན་ལ་དོམ་ཕྲ་གཉིས་ལག་རྟགས་སུ་སྤྲོད་རྒྱུ་བྱས་ཡོད་ན་ཡང་དེའི་སྐབས་ཀྱི་ཐའེ་ལྦན་གྱི་གཞུང་འཛིན་དམངས་གཙོ་ཡར་རྒྱས་ཚོགས་པས་རྒྱ་ནག་གཞུང་གིས་དེ་ལྟར་བྱེད་ཡས་ནི་ཐའེ་ལྦན་ལ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་དྲིལ་བསྒྲགས་ཤིག་ཡིན་པ་བརྗོད་ནས་རྩིས་ལེན་བྱས་མེད་པ་རེད།