རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ལ་སྐྱོན་བརྗོད་དང་དགོངས་སེལ་ཞུ་དགོས་ཟེར།
2018.09.07
ནེའུ་རོ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་གིས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་ལྷན་ཚོགས་ཐོག་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ཀྱི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་འདུག
ཞི་བདེ་རྒྱ་མཚོའི་མཚོ་གླིང་ཁུལ་གྱི་(Nauru)སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་གིས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་གྱི་ལྷན་ཚོགས་ཐོག་རྒྱ་ནག་གི་དམིགས་བསལ་སྐུ་ཚབ་ལ་སྐྱོན་བརྗོད་གནང་བ་དང་། རྒྱ་ནག་གི་སྐུ་ཚབ་ཀྱི་སྨྱོན་པ་ལྟ་བུའི་བྱ་སྤྱོད་ལ་པེ་ཅིང་གཞུང་ནས་དགོངས་སེལ་ཞུ་དགོས་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ནས་ས་གནས་དེར་ཁེངས་དྲེགས་ཀྱི་རྣམ་འགྱུར་ལ་ངོ་རྒོལ་ཡོད་ཅེས་སྐྱོན་བརྗོད་བྱས་འདུག
ཉེ་ལམ་ཕྱི་ཟླ་ ༩ ཚེས་༤་ནས་བཟུང་(Nauru)མཚོ་གླིང་རྒྱལ་ཁབ་ནང་(Pacific Islands Forum)ཞེས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ལྷན་ཚོགས་འགོ་འཛུགས་བྱས་ཡོད་པ་དང་། ལྷན་ཚོགས་དེར་ཨོས་ཀྲེ་རི་ལི་ཡ་དང་། ནིའུ་ཛེ་ལན་ཌེ དེ་བཞིན་ཞི་བདེ་རྒྱ་མཚོའི་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་སོགས་ཁྱོན་རྒྱལ་ཁབ་༡༨་མཉམ་བཞུགས་བྱས་ཡོད་ཅིང་། སྤྱིར་རྒྱ་ནག་དེ་ལྷན་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་མ་ཡིན་ཡང་མཐུན་ཕྱོགས་ཀྱི་མིང་ཐོག་ནས་ཚོགས་ཞུགས་བྱས་ཡོད་འདུག མཛད་རིམ་གཞིར་བཟུང་བྱས་ན། རེས་གཟའ་མིག་དམར་ཉིན་མཚོ་གླིང་རྒྱལ་ཁབ་ཚོའི་དབུ་འཁྲིད་རྣམ་པའི་རེས་མོས་གཏམ་བཤད་གནང་རྒྱུའི་ཁོངས་སུ་(Tuvalu)མཚོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་གྱི་གསུང་བཤད་གནང་རྒྱུའི་རེས་མོས་ཡིན་ནའང་རྒྱ་ནག་གི་སྐུ་ཚབ་(Du qi wen)་ཡིས། ཚོགས་འདུའི་མཛད་རིམ་ནང་བར་འཛུལ་བྱས་ཏེ་གཏམ་བཤད་བྱ་རྩིས་བྱས་འདུག་པ་དང་། ཚོགས་འདུ་སྟངས་འཛིན་གནང་མཁན་(Nauru)མཚོ་གླིང་རྒྱལ་ཁབ་ཀྱི་སྲིད་འཛིན་(Baron Waqa) མཆོག་གིས་དེར་དང་ལེན་མ་གནང་བར་བརྟེན་རྒྱ་ནག་གི་སྐུ་ཚབ་ནས་ཁོང་ཁྲོ་ཆེན་པོའི་རྣམ་འགྱུར་བསྟན་པའི་ཐོག་ཚོགས་ཁང་ནས་ཕྱིེར་ཐོན་ཡོད་པ་རེད།
Nauru ནི་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་ནང་ཡོད་ཅིང་། མི་འབོར་ ༡༡༣༤༠ ༼ཆིག་ཁྲི་ཆིག་སྟོང་གསུམ་བརྒྱ་བཞི་བཅུ་༽ ཙམ་དང་། ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ཉི་ཤུ་རྩ་གཅིག་ལས་མེད་པའི་ལྷོ་ཞི་བདེ་རྒྱ་མཚོའི་ཁུལ་ཡུལ་གྲུ་ཆུང་ཤོས་དེ་ཡིན་པ་རེད། རྒྱལ་ཁབ་འདི་ནི་ཐེ་ཝན་དང་མུ་འཐུད་གཞུང་འབྲེལ་བཟུང་མཁན་གྲས་ཤིག་ཡིན་པ་རེད།
རྒྱ་ནག་གི་སྐུ་ཚབ་ཀྱི་བྱེད་སྟངས་དེས་རྐྱེན་པས་(Nauru)མཚོ་གླིང་རྒྱལ་ཁབ་ཀྱི་སྲིད་འཛིན་(Baron Waqa) མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པའི་ཐོག་རྒྱ་ནག་གི་སྐུ་ཚབ་(Du qi wen) གྱིས་ཚོགས་འདུའི་འགྲོ་སྟངས་ལ་རྩིས་མེད་ཀྱིས་བར་འཛུལ་གཏམ་བཤད་བྱ་རྩིས་བྱས་པ་དང་། དེ་ནས་ཚོགས་ཁང་ནས་ཕྱི་ལ་ཐོན་པའི་སྤྱོད་ཚུལ་དེས་ཞི་བདེའི་རྒྱ་མཚོའི་མཚོ་གླིང་རྒྱལ་ཁབ་ཀྱི་གླེང་སྟེགས་དང་། ཚོགས་ཞུགས་རྒྱལ་ཁབ་ཀྱི་དབུ་འཁྲིད་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་ཡིན་པའི་སྐོར་སྐྱོན་བརྗོད་བྱས་པ་དང་སྦྲགས་པེ་ཅིང་གཞུང་གིས་ངེས་པར་དུ་གནད་དོན་འདིའི་ཐད་དགོངས་སེལ་ཞུ་དགོས་ལ་གནད་དོན་དེ་མཉམ་འབྲེལ་རྒྱལ་ཚོགས་དང་གཞན་རྒྱལ་སྤྱིའི་ཚོགས་འདུ་གང་སར་གླེང་སློང་བྱ་རྒྱུ་ཡིན་སྐོར་གསུངས་འདུག
རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པས་(Nauru)ཡིས་སྲིད་འཛིན་མཆོག་ནས་ཞི་བདེ་རྒྱ་མཚོའི་ཚོགས་འདུའི་གླེང་སྟེགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་བྱས་ཡོད་ལུགས་དང་། ད་རེས་ཀྱི་གནད་དོན་འདི་འཁྲབ་སྟོན་གྱི་རྣམ་པ་ཞིག་ཡིན་ལུགས་ལན་འདེབས་བྱས་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།