བོད་རྒྱའི་དཀའ་རྙོག་དེ་རྒྱ་ནག་གཞུང་གིས་སྣེ་ཁྲིད་དེ་སེལ་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་འགྲེལ་བརྗོད་གནང་བྱུང་།

སྤྱི་ལོ་༢༠༢༣ལོའི་སྤྱི་ཟླ་༧པའི་ཚེས་༩ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་Uzera Zeyaལགས་དང་མཇལ་མོལ་གནང་སྟེ། སྐབས་དེར་༸གོང་ས་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་སླད་ཨ་རི་གཙོས་པའི་ཕྱིའི་རྒྱལ་ཁབ་གཞན་ཁག་ནས་མཐུན་འགྱུར་རོགས་རམ་གནང་བར་ཐུགས་རྗེ་ཆེ་གསུངས་པར། ལྕམ་Uzera Zeyaལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་པ་གསལ་སྟོན་བྱས་འདུག་པ་མ་ཟད། ཨ་མི་རི་ཀའི་གཞུང་གིས་ངོས་ནས་བོད་མིར་མཐུན་འགྱུར་ཞུས་དང་ཞུ་མུས་ཡིན་པའི་ཁར། མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་སྙན་འབུལ་ཞུས་ཡོད་འདུག
གོང་ཞུས་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་མོལ་གྲུབ་པའི་རྗེས། འདི་ཚེས་༡༠ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་Wang XiaoJianགྱིས། ཨ་མི་རི་ཀས། རང་ཉིད་ཀྱི་དེ་སྔ་ལངས་ཕྱོགས་གཞིར་བཟུང་། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ངེས་པར་དུ་བརྟན་པོ་བཟུང་དགོས་པ་ལས། བོད་དང་འབྲེལ་བའི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐད་ཨ་རིས་ཐེ་བྱུས་བྱེད་འཚམས་འཇོག་དགོས་པ་མ་ཟད། ཏཱ་ལའི་ཚོགས་པས་སྣེ་ཁྲིད་པའི་ཁ་བྲལ་ལས་འགུལ་སྤེལ་མཁན་ཚོ་དང་འབྲེལ་འཚམས་ཀྱང་འཇོག་དགོས་ཞེས་ཁོང་གི་Twitterདྲ་ལམ་སྟེང་བརྗོད་འདུག་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས། ཁ་བྲལ་རྩོད་ཀྱི་ཡོད་པ་བརྗོད་པ་ནི་འཁྱོག་བཤད་ཡིན་པ་ལས་དངོས་བདེན་མིན། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱེད་མུས་ཡིན་པ་མ་ཟད། བོད་རྒྱའི་དཀའ་རྙོག་དེ་རྒྱ་ནག་གཞུང་གིས་སྣེ་ཁྲིད་དེ་སེལ་དགོས་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་འདི་ཚེས་༨ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཕྱོགས་ལ་དྭགས་སུ་ཆིབས་སྒྱུར་ཆེད། བཞུགས་སྒར་ཉེ་མཁྲིས་སུ་ཆགས་པའི་གྷ་གལ་གནམ་ཐང་དུ་ཕེབས་འབྱོར་སྐབས། གསར་འགོད་པར་བཀའ་ལན་ཕེབས་དོན། ངོས་ཀྱིས་རྟག་ཏུ་རྒྱ་ནག་ལྷན་དུ་བཀའ་མོལ་གནང་རྒྱུར་སྒྲ་སྒྲིག་ཡིན་ལ། ང་ཚོས་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་གནས་རྒྱུ་ལོ་མང་གོང་ནས་ཐག་བཅད་ཟིན་པས། ངོས་རང་ནི་ཁོ་ཚོ་དང་གྲོས་མོལ་བྱེད་རྒྱུར་གྲ་སྒྲིག་ཨང་གསར་ཡིན། གང་ལྟར། རྒྱ་ནག་གི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པ་གཉིས་གའི་ལམ་ནས་ངོས་ལ་འབྲེལ་བ་བྱས་ཡོང་གི་འདུག་ཅེས་བཀའ་སྩལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་དམིགས་སུ་བཀར་ནས་དྲིལ་བསྒྲགས་སྣ་ཚོགས་ཀྱི་ལམ་ནས་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཡང་ཡང་བརྗོད་དགོས་པའི་གནས་སྟངས་ཆགས་ཡོད། འཛམ་གླིང་གི་ཡོངས་གྲགས་བཀོད་སྤྱོད་བྱེད་བཞིན་པའི་༼བོད༽ལ་དབྱིན་སྐད་ནང་ཐ་སྙད་དེ། ༼Tibet༽ཞེས་པ་དེའི་ཚབ་ཏུ་ད་སྐབས་རྒྱ་ནག་གིས་ཆེད་མངགས་༼Xizang༽ཞེས་པའི་ཚིག་དེ་གསར་འགྱུར་བརྒྱུད་ལམ་དང་ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས་བཀོད་སྤྱོད་བྱེད་བཞིན་ཡོད། དཔེར་ན། གོང་ཞུས་ལྡི་ལི་བཅའ་སྡོད་རྒྱ་ནག་གཞུང་ཚབ་པས། ༸གོང་ས་མཆོག་དང་ལྕམ་Uzera Zeyaགཉིས་མཇལ་མོལ་གནང་བར་སྐྱོན་བརྗོད་ཀྱི་ཡིག་གེ་ཐུང་ངུ་ཞིག་གི་ནང་བོད་ལ་༼Xizang༽ཞེས་པའི་ཐ་སྙད་དེ་ཐེངས་གསུམ་བཀོད་སྤེལ་བྱས་འདུག
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཤིག་ཡིན་པ་ད་སྐབས་རྒྱལ་སྤྱིའི་སྟེང་མངོན་གསལ་དོད་དུ་འགྲོ་མུས་ཡིན་པ་དེས། རང་བཞིན་གྱི་བོད་དེ་རྒྱ་ནག་དམར་ཤོག་གཞུང་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཤིག་ཡིན་པ་གྲུབ་ཀྱི་ཡོད་པ་དེ་ཐབས་བྱུས་དང་དྲིལ་བསྒྲགས་སྣ་ཚོགས་ཀྱི་བརྒྱུད་ནས་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད། བོད་ལ་༼Xizang༽ཞེས་རྒྱ་ཡིག་གི་མིང་ཚིག་ལམ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་སུ་བསྒྱུར་ཐབས་བྱེད་ཀྱི་ཡོད་སྲིད་པ་རེད། འོན་ཀྱང་། ༼Xizang༽ ཞེས་པའི་ཐ་སྙད་དེས་ལོ་རྒྱུས་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་དེ་སྔོན་ཨ་མི་རི་ཀས་ལོ་རྒྱུས་རང་བཞིན་གྱི་༢༠༢༠ལོའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གཏན་འབེབས་གནང་བའི་ནང་། བོད་མིའི་སྒྲིག་འཛུགས་འདི་བཞིན་བཙོན་བྱོལ་བོད་མིའི་སྐུ་ཚབ་དང་མངོན་འདོད་མཚོན་ཐུབ་མཁན་གྱི་སྒྲིག་འཛུགས་ཤིག་ཡིན་པ་ངོས་འཛིན་བྱས་ཡོད་པ་མ་ཟད། ཁྲིམས་འཆར་དེའི་འོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཚབ་བསྐོ་བཞག་གིས་བོད་རྒྱ་ཞི་མོལ་ལ་རྒྱབ་སྐྱོར་གནང་རྒྱུ་སོགས་བཀོད་ཡོད་པ་དེ་ནི་ཨ་རིའི་གཞུང་གིས་འདས་པའི་ལོ་ངོ་༦༠ཙམ་གྱི་ནང་བཞག་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ཡིག་གལ་གནད་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།