སྐྱེ་རྒུ་མདོར་ས་ཡོམ་བྱུང་ནས་ལོ་གཅིག་འཁོར་བའི་དྲན་གསོ།
2011.04.14
༄༅༎བོད་ཀྱི་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆགས་ཕོག་ནས་ལོ་འཁོར་གཅིག་འཁོར་བའི་ཉིན་མོར་གསོལ་འདེབས་སྨོན་ལམ་དང་མཆོད་འབུལ་གྱི་ལམ་ནས་དྲན་གསོ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་སྔ་ལོའི་ཕྱི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་བོད་ཀྱི་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་འགུལ་ཚད་བདུན་ལྷག་ཙམ་ཞིག་རྒྱབ་པའི་འོག་མི་གྲངས་ཉིས་སྟོང་བདུན་བརྒྱ་ལྷག་ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། སྡོད་ཁང་དང་སློབ་གྲྭ་སོགས་མང་པོ་གཏོར་བཤིགས་བཏང་ཡོད་པ། དེ་དང་ཕྱོགས་མཚུངས་མང་པོ་ཞིག་རྨས་སྐྱོན་ཕོག་སྟེ་མི་རྒྱུ་ཟོག་གསུམ་ལ་བསམ་ཡུལ་ལས་འདས་པའི་གནོད་སྐྱོན་ཕོག་ནས་དེ་རིང་ལོ་འཁོར་གཅིག་འཁོར་གྱི་ཡོད་པ་རེད། དེ་རིང་སྐྱེས་རྒུ་མདོའི་གྲོང་ཁྱེར་ནང་གི་འཕྲལ་སེལ་སློབ་ཁང་ཞིག་ནང་། ཕྲུ་གུ་༣༠༠ཙམ་འདུ་འཛོམས་ཐོག་མྱ་ངན་དྲན་གསོ་ཞུས་པ་དང་། དེ་བཞིན་ཁྲང་གུ་དང་སྐྱེས་རྒུ་མདོ། རན་ཉག་སོགས་དགོན་པ་གསུམ་གྱི་དགེ་འདུན་པ་ཞལ་གྲངས་དགུ་བརྒྱ་ཙམ་ནས་སྔ་དྲོའི་ཆུ་ཚོད་བཅུ་པ་ཙམ་ལ་རི་མགོ་དུར་ཁྲོད་ཡོད་སར་འཛོམས་གནང་ནས་མཆོད་འབུལ་སྨོན་ལམ་གསུངས་འདོན་གནང་འདུག ཁྲང་གུ་དགོན་པའི་བླ་མ་བློ་གྲོས་ཉི་མ་རིན་པོ་ཆེ་མཆོག་གིས།
དེ་རིང་ང་ཚོ་འདིར་མཆོད་འབུལ་གསོལ་འདེབས་ཞུ་རྒྱུ་དེ་ནི་སྔ་ལོ་ས་ཡོམ་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་དང་། ཉེ་ཆར་ཉི་ཧོང་ནང་བྱུང་བའི་གོད་ཆགས་ཕོག་པ་རྣམས་ཚང་མའི་ཆེད་དམིགས་པ་ཞིག་ཡིན་ལ་མ་འོངས་པར་འཛམ་གླིང་ནང་འདི་ལྟབུའི་གོད་ཆགས་མི་ཡོང་བའི་གསོལ་འདེབས་ཞུས་པ་ཡིན་ཞེས་གསུངས་འདུག སྐྱེ་རྒུ་མདོའི་ས་གནས་སྲིད་གཞུང་གི་ལས་ཁུངས་མདུན་དར་ནག་པོ་ཞིག་སྟེང་སྣག་ཚ་དཀར་པོའི་ཐོག་ནས་ཡིག་གེ་བྲིས་པའི་ནང་། སྔ་ལོ་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་ཕྱིན་པའི་བློ་མཐུན་ཚོ་དང་། ཁོང་ཚོ་སྐྱོབ་ཐབས་སུ་ཚེ་སྲོག་ཤོར་པའི་དཔའ་བོ་རྣམས་ལ་རྗེས་དྲན་ཞུ་ཞེས་འཁོད་ཡོད་པ་རེད། དེ་དང་ཕྱོགས་མཚུངས་ས་གནས་སྲིད་གཞུང་ནས་ས་གནས་སུ་སྡོད་ཁང་གསར་རྒྱག་གི་མཚོན་ཉམས་གསོའི་འཛུགས་སྐྲུན་ཆེད་ཨ་སྒོར་ཐེར་འབུམ་གསུམ་ལྷག་ཙམ་འགྲོ་གྲོན་བཏང་ཡོད་ལུགས་གཏམ་བཤད་སྤེལ་ཡོད་འདུག ‘འོན་ཀྱང་ཉེ་ཆར་འདི་ག་གསར་འགྱུར་ལས་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་ལྟར་ན། ས་གནས་སྲིད་གཞུང་ནས་བོད་མི་ཚོར་ས་ཆ་བགོས་འགྲེམས་བྱེད་ཕྱོགས་དང་། ཁང་པ་གསར་རྒྱག་གྱི་ལས་འཆར་ཐོག་ཆ་སྙོམ་བྱེད་ཀྱི་མེད་པའི་སྐྱོན་བརྗོད་དང་འབྲེལ་མི་མང་གི་ངོ་རྒོལ་གྱི་ལས་འགུལ་ཡང་སྤེལ་ཡོད་པ་རེད།