ཞི་ཅིན་ཕིང་གིས་བོད་བརྟན་ལྷིང་ཞེས་བརྗོད་པ་ཙམ་ལས་བོད་ནང་བརྟན་ལྷིང་ཡོང་གི་མེད་པ་ཉམས་ཞིབ་པས་ངོས་འཛིན།

2021.07.26
ཞི་ཅིན་ཕིང་གིས་བོད་བརྟན་ལྷིང་ཞེས་བརྗོད་པ་ཙམ་ལས་བོད་ནང་བརྟན་ལྷིང་ཡོང་གི་མེད་པ་ཉམས་ཞིབ་པས་ངོས་འཛིན། རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་སུ་དམག་སྦྱོང་སྐབས་(HJ-12)་ཞེས་པའི་མེ་ཤུགས་འཕུར་མདའ་ཚོད་ལྟ། ༧།༢༡
Global Times

ཞི་ཅིན་ཕིང་གིས་བོད་བརྟན་ལྷིང་ཞེས་བརྗོད་པ་ཙམ་ལས་བོད་ནང་དམག་སྦྱོང་དང་གོ་མཚོན་འགྲེམས་འཇོག་གིས་བོད་བརྟན་ལྷིང་ཡོང་གི་མེད་པ་འབྲེལ་ཡོད་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
རྒྱ་གར་དང་ས་འབྲེལ་བོད་ཀྱི་ས་མཚམས་ཁུལ་དུ་རྒྱ་ནག་གི་བཅིངས་གྲོལ་དམག་མིས་དམག་སྦྱོང་ཡང་ཡང་བྱེད་བཞིན་ཡོད་པའི་ཁྲོད། ཉེ་ལམ་སླར་ཡང་རྒྱ་ནག་གཞུང་གིས་(HJ-12 anti-tank missile)་ཞེས་པའི་མེ་ཤུགས་འཕུར་མདའ་དེ་ཚོད་ལྟ་བྱས་འདུག འོན་ཀྱང་། ཞི་ཅིན་ཕིང་གིས་བོད་དང་ས་མཚམས་ཁུལ་དུ་བརྟན་ལྷིང་དགོས་ཞེས་ཡང་ནས་ཡང་དུ་བརྗོད་པ་ཙམ་ལས་དམག་སྦྱོང་དང་གོ་མཚོན་འགྲེམས་འཇོག་གིས་བོད་བརྟན་ལྷིང་ཡོང་གི་མེད་པ་མ་ཟད། རྩོད་རྙོག་ཆེ་བའི་ས་མཚམས་དེ་དག་ཐོག་མུ་མཐུད་དུ་དམག་སྦྱོང་དེ་ལྟར་བྱས་པ་ཡིན་ན། ས་མཚམས་བརྟན་ལྷིང་ཡོང་བར་ཕན་ཐོག་མེད་པ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།

ད་རེས་རྒྱ་ནག་གཞུང་གིས་བོད་ཁུལ་དུ་དངོས་སུ་དམག་དོན་སྦྱོང་བརྡར་དང་ཚོད་ལྟ་བྱས་པའི་(HJ-12)་ཞེས་པའི་མེ་ཤུགས་འཕུར་མདའ་དེ་ནི་(US’ Javelin)་ཞེས་པའི་ཨ་རིའི་མེ་ཤུགས་འཕུར་དེ་དང་འགྲན་ཐུབ་ཚུལ་རྒྱ་ནག་གཞུང་གིས་བརྗོད་འདུག་པ་མ་ཟད། དེ་ལྟར་ཡིན་ན་ལྕགས་ཁྲབ་འཁོར་ལོ་(Battle Tank)་གང་ཡང་རུང་བ་ཚང་མ་གཏོར་ཐུབ་ཀྱི་ཡོད་པར་བརྟེན། གོ་མཚོན་དེས་རྒྱ་ནག་གི་བཅིངས་འགྲོལ་དམག་མིའི་ནུས་ཤུགས་གོང་མཐོར་གཏོང་རྒྱུ་ཡིན་པ་བརྗོད་འདུག་པ་དང་། གོ་མཚོན་དེ་ནི་བོད་ནང་ཚོད་ལྟ་བྱས་པར་ད་རེས་ཐེངས་དང་པོ་ཡིན་ཚུལ་ལས་བོད་ཀྱི་ས་ཁུལ་གང་དུ་ཚོད་ལྟ་བྱས་བའི་སྐོར་གསལ་སྟོན་བྱས་མེད་པ་རེད། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་དམག་དོན་ཉམས་ཞིབ་ལྟེ་གནང་ཁང་(CLAWS)་གི་འགན་འཛིན་ཟུར་པ་དང་རྒྱ་གར་གྱི་དམག་དཔོན་ཟུར་པ་སྐུ་ཞབས་(General Dhruv Katoch)་ལགས་ཀྱིས། རྒྱ་ནག་གཞུང་གིས་དམག་སྦྱོང་དང་དམག་དོན་གྲ་སྒྲིག་བྱེད་བཞིན་པ་ལྟར། རྒྱ་གར་གྱི་ངོས་ན་ཀྱང་དེ་དེ་བཞིན་གྱི་གྲ་སྒྲིག་བྱེད་མུས་ཡིན་ཞིང་། རྒྱ་གར་བྱང་ཕྱོགས་ལ་དྭགས་ཤར་ཕྱོགས་སུ་ཕྱོགས་གཉིས་ཀར་ལྕགས་ཁྲབ་འཁོར་ལོ་(Battle Tank)་ཡོད་པ་ལས། དེ་དག་ཕན་ཚུན་གདོང་ཐུགས་བྱུང་གི་མེད་པ་རེད། དེ་ལས་ལྡོག་སྟེ་འབྱུང་འགྱུར་རྒྱ་དཀར་ནག་གཉིས་བར་མཁའ་དམག་བྱུང་ཚེ་དེ་དུས་ཧ་ཅང་གི་ཉེན་ཚབས་དང་ཛ་དྲག་ཆགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་གནད་དོན་དེའི་ཐད་རྒྱ་གར་གྱི་ཉམས་ཞིབ་པ་དང་དམག་དཔོན་ཟུར་པ་སྐུ་ཞབས་(Vinayak Bhat)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་ལྟ་ལ་དྭགས་ཤར་ཕྱོགས་སུ་ཡོད་པའི་རྒྱ་ནག་གི་མཐའ་སྲུང་དམག་མི་རྣམས་ཕྱི་འཐེན་མ་བྱས་བར་དུ། ཕྱོགས་གཉིས་ཀྱི་གནས་སྟངས་ཡར་རྒྱས་ཀྱི་རྣམ་པ་གང་ཡང་མཐོང་གི་མིན་འདུག་ལ། ད་དུང་རྒྱ་ནག་ཕྱོགས་ནས་མུ་མཐུད་དེ་ལྟར་དམག་སྦྱོང་དང་དམག་དོན་ལས་འགུལ་སྤེལ་བ་ཡིན་ན། ས་མཚམས་ཁུལ་གྱི་རྩོད་རྙོག་རང་བཞིན་གནས་སྟངས་ཇེ་སྡུག་ཏུ་འགྲོ་ཉེས་ཡོད་པ་འགྲེལ་བརྗོད་གནང་བྱུང་།

སྤྱིར་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ཟེར་བས་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་དང་རྒྱ་གར་ས་མཚམས་ཁུལ་དུ། ས་མཐོའི་དམག་འཐབ་ཀྱི་ཆེད་དུ་དམིགས་ཏེ་བཟོ་སྐྲུན་བྱས་པའི་མེ་ཤུགས་འཕུར་མདའ་དང་། མེ་སྒྱོགས་སོགས་གོ་མཚོན་འབོར་ཆེན་འགྲེམས་འཇོག་གིས་དམག་སྦྱོང་བྱས་དང་བྱེད་མུས་ཡིན་ཞིང་། སྤྱི་ཟླ་༧་པའི་ཚེས་༢༥་ཉིན་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱི་གནས་ཚུལ་སྤེལ་བའི་ནང་། བོད་མཐོ་སྒང་ཁུལ་དུ་རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས། དམག་སྦྱོང་རིམ་པ་བྱས་ཡོད་པ་དེ་དག་ཁྱབ་བསྒྲགས་བྱས་འདུག་ཅིང་། ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་གི་བོད་ནང་དམག་གི་དཔུང་ཤུགས་ངོམ་པ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱ་གར་ལ་དམག་གི་འཇིགས་སྐུལ་བྱས་པ་ཞིག་ཡིན་པ་བརྗོད་བྱུང་།
གཞི་རྩའི་ཆ་ནས་ཕྱི་ལོ་༡༩༥༩་ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས། རྒྱ་དཀར་ནག་གཉིས་ཀྱི་བར་ཕྱི་ལོ་༡༩༦༢་ལོར་ས་མཚམས་དམག་འཁྲུག་ཐེངས་དང་པོ་དེ་བྱུང་ཡོད་པ་དང་། དེ་ནས་བཟུང་རྒྱལ་ཁབ་གཉིས་ཀྱི་བར་ས་མཚམས་ཁུལ་དུ་ཡང་ནས་ཡང་དུ་གདོང་ཐུག་བྱུང་གི་ཡོད་པ་མ་ཟད། རྒྱ་དཀར་ནག་གཉིས་ནས་བོད་ཀྱི་ས་མཚམས་གནད་དོན་ཐོག་ཐེངས་མང་གྲོལ་མོལ་བྱས་ཡོད་ཀྱང་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་སོན་མེད་པ་མ་ཟད། ཕྱོགས་གཉིས་ནས་ལོ་ལྟར་ས་མཚམས་ཁག་ཏུ་དམག་གི་འགྲོ་གྲོན་ཤུགས་ཆེ་བཏང་དང་གཏོང་མུས་ཡིན་ཞིང་། རྒྱ་གར་གྱིས་མཐའ་སྲུང་ཆེད་ལོ་རེའི་ནང་ཨ་སྒོར་ཐེར་འབུམ་༢་དང་དུང་ཕྱུར་༧་ལྷག་འགྲོ་གྲོན་གཏོང་གི་ཡོད་པ་དང་། རྒྱ་ནག་ངོས་ནས་རིང་མིན་མཐང་སྲུང་ཆེད་ཨ་སྒོར་ཐེར་འབུམ་༢༠༠་ལྷག་གཏོང་འཆར་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ། 
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎