རྒྱ་ནག་གི་དམག་དོན་འཕེལ་རྒྱས་དེ་སྲུང་སྐྱོབ་ཀྱི་དགོས་མཁོ།
2009.10.27
༄༅༎རྒྱ་ནག་གཞུང་གིས་དམག་གི་གོ་མཚོན་སྔོན་ཐོན་གྱི་ཡར་རྒྱས་གཏོང་བ་སོགས་དམག་དོན་མྱུར་ཚད་མགྱོགས་པའི་སྒོ་ནས་དེང་རབས་ཅན་མངོན་འགྱུར་བྱེད་པ་དེ་ནི་རྒྱ་ནག་གི་སྲུང་སྐྱོབ་ཀྱི་དགོས་མཁོ་དང་མཐུན་གྱི་ཡོད་ལུགས་བཤད་ཡོད་པ་རེད།
རྒྱ་ནག་གི་མཐོ་རིམ་དམག་དཔོན་ཤུ་ཁའེ་ཧུ་དེང་སྐབས་འདི་ག་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་འཚམས་འདྲིར་སླེབས་ཡོད་པ་ལྟར་དམག་སྤྱི་ཤུ་ཁའེ་ཧུ་ད་རེས་འདི་ག་ཨ་མི་རི་ཀར་འཚམས་འདྲིར་སླེབས་པ་དེ་ནི་བར་ལམ་ལོ་འགའ་ཤས་དེའི་ནང་དུ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་དེ་ཙམ་གྱི་བརྟན་པོ་མེད་པར་གཡོ་འགུལ་ཆེ་བའི་གནས་བབ་དེའི་སྐབས་ལ་རྒྱ་ནག་གི་མཐོ་རིམ་དམག་དཔོན་འཚམས་འདྲིར་སླེབས་པ་ཞིག་ཡིན་ཞིང་ཨ་མི་རི་ཀའི་ཕྱོགས་ནས་རྒྱ་ནག་གཞུང་གིས་ཧ་ཅང་གི་ནུས་པ་ལྡན་པའི་དམག་དོན་འཕྲུལ་རིག་ལག་རྩལ་འཕེལ་རྒྱས་གཏོང་བའི་གནད་དོན་ཐོག་བློ་འཚབ་བྱེད་པ་བཞིན་དེ་རིང་རྒྱ་ནག་གི་དམག་སྤྱི་ཤུ་ཁའེ་ཧུ་དང་ཨ་མི་རི་ཀའི་སྲུང་སྐྱོབ་བློན་ཆེན་སྐུ་ཞབས་རོ་སྦ་ཊེ་གེཏ་སི་གཉིས་མཇལ་འཛོམས་ཀྱིས་གྲོས་མོལ་གནང་ཡོད་པ་རེད། ཡིན་ནའང་རྒྱ་ནག་གི་དམག་སྤྱི་ཤུ་ཁའེ་ཧུ་ཡིས་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཡོད་པའི་ཐབས་ཇུས་དང་རྒྱལ་སྤྱིའི་ལྟེ་གནས་ཞེས་པར་ཕྱི་འབྲེལ་སྲིད་ཇུས་ཐོག་གི་མཁས་དབང་ལྷན་འཛོམས་ཐོག་ལ་ང་ཚོ་རྒྱ་ནག་ཕྱོགས་ནས་འཛམ་གླིང་ནང་དུ་གོ་མཚོན་འགྲན་རྩོད་དང་འཕེལ་རྒྱས་གཏོང་རྒྱུ། གོ་མཚོན་འགྲན་རྩོད་ཀྱི་སྣེ་ཁྲིད་བྱེད་པོ་རྩ་བ་ནས་འབད་བརྩོན་བྱེད་ཀྱི་མེད་ཅེས་དང་རྒྱ་ནག་གི་དམག་དོན་ནུས་སྟོབས་དང་གོ་མཚོན་འཕེལ་རྒྱས་སོགས་དམག་དོན་གྱི་དགོས་མཁོ་ཁག་ནི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་དགོས་ངེས་ཀྱི་ཚད་གཞི་དང་ལྡན་པ་ཞིག་ཡིན་ཞིང་རྒྱ་ནག་གི་དམག་དོན་གྱི་ལོ་རེའི་སྔོན་རྩིས་གྲངས་ཆ་གཉིས་འཕར་སྣོན་འགྲོ་བ་དེ་ནི་དངོས་ཡོད་ཀྱི་དུས་སྐབས་དང་དེ་བཞིན་རྒྱལ་ནང་གི་ཐོན་སྐྱེད་འཕེལ་རྒྱས་དང་བསྟུན་པའི་ཧ་ཅང་གི་དམའ་པོ་ཡིན་པ་བཤད་ཡོད་པ་རེད། གང་ལྟར་ཨ་མི་རི་ཀའི་ཕྱོགས་ནས་ཡང་ནས་ཡང་དུ་རྒྱ་ནག་ལ་དམག་དོན་གྱི་འགྲོ་གྲོན་ཐོག་ལ་གནས་ཚུལ་ཕྱི་གསལ་ནང་གསལ་དགོས་པ་དང་རྒྱ་ནག་གི་དམག་དོན་འཕེལ་རྒྱས་གཏོང་བའི་གནས་སྟངས་དེ་ཡིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་དུ་དམག་དོན་གྱི་ནུས་པ་ཆ་སྙོམས་སུ་མ་གནས་པའི་ཉེན་ཁ་བཟོ་གི་ཡོད་པ་དེ་ཡིས་འཛམ་གླིང་ནང་དུ་གོ་དོན་ལོག་གྲུབ་དང་རྩིས་ནོར་ཐེབས་པའི་ཉེན་ཁ་བཟོ་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད།