རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་འཛུལ་ཞུགས་མཁན་བླ་སྤྲུལ་ཚོས་ཁ་བྲལ་ལ་ངོ་རྒོལ་དགོས་པའི་ཆ་རྐྱེན་བཏོན་འདུག
སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ཞེས་པར་སློབ་འཇུག་བྱ་བར་རྒྱ་ནག་གུང་ཁྲན་ཏང་ལ་བརྩི་བཀུར་དང་། རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབ་ལགས་ཀྱིས་བྱེད་ཐབས་དེ་ནི་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་ཡིན་པ་གསུང་གི་འདུག
ཕྱི་ཟླ་ ༤ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཡོད་པ། སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་ཞེས་པའི་སློབ་མ་གསར་ཞུགས་ཀྱི་གསལ་བསྒྲགས་ཟེར་བ་ཞིག་སྤེལ་བའི་ནང་། འཛུལ་ཞུགས་བྱེད་མཁན་ཚོས་རྒྱ་ནག་གུང་ཁྲན་ཏང་ལ་བརྩི་བཀུར་དང་། རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པར། བོད་མིའི་སྒྲིག་འཛུགས་ཀྱི་ཡོ་རོབ་རྒྱ་རིགས་འབྲེལ་མཐུད་པ་དང་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཚོ་བསྡུ་སྐོང་གིས་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་ཆེད་ཡིན་པ་ལས། བོད་ཀྱི་ཆོས་དང་རིག་གཞུང་ཆེད་མི་སྣ་གསོ་སྐྱོང་བྱ་རྒྱུའི་དམིགས་ཡུལ་རྩ་ནས་མིན་པར་ངོས་འཛིན་གནང་གི་ཡོད་ཅེས། འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་འབྲེལ་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གསལ་བསྒྲགས་ནང་། སློབ་གྲྭ་དེར་རྒྱུགས་ཞུགས་མཁན་ཚོས་འཛུལ་ཞུགས་བྱེད་པར་ཁྲིམས་འགལ་གྱི་ལས་ཀ་རིགས་བྱས་མེད་པའི་ས་གནས་རྫོང་གི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་བརྒྱུད་ནས་ཐོ་འགོད་དགོས་པ་དང་། འཛུལ་ཞུགས་བྱེད་པར་ཆ་རྐྱེན་གཙོ་བོ་ཆབ་སྲིད་ཀྱི་ཐད་ནས་རྒྱ་ནག་དམར་ཤོག་ཚོགས་པའི་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་དགའ་ཞེན། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་པ། རྒྱལ་ཁབ་ཁ་བྲལ་ལ་ངོ་རྒོལ་བྱེད་དགོས་པ་བཅས་བཤད་འདུག དེ་འབྲེལ་སངས་རྒྱས་སྐྱབས་ལགས་ནས་མུ་མཐུད་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་པ་དང་སློབ་གྲྭ་གཙོས་རིག་གཞུང་གི་ལྟེ་གནས་ཁག་ཏུ། ངེས་པར་ཁ་བྲལ་ལ་ངོ་རྒོལ་དགོས་པའི་ཆ་རྐྱེན་འདོན་བཞིན་པ་ནི། དམར་ཤོག་ཚོགས་པའི་བོད་ལ་དབང་སྒྱུར་སྲ་བརྟན་བཟོ་ཐབས་ཆེད་ཡིན་པ་འགྲེལ་བརྗོད་གནང་གི་འདུག
སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་ནི་ཕྱི་ལོ་ ༡༩༨༤ ལོར་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་ཟེར་བས། དཀར་མཛེས་ཁུལ་དུ་ཆེད་འཛུགས་ཀྱིས། ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་གནས་སྤོར་བྱས་ཡོད་པ་དང་། སློབ་གླིང་དེ་བཞིན་ཐོག་མར་འཛུགས་སྐྲུན་ཐད་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་འབད་བརྩོན་ཤུགས་ཆེར་གནང་ཡོད་འདུག་ལ། སློབ་གྲྭ་དེའི་ངོ་སྤྲོད་ནང་ད་ལྟའི་ཆར་སློབ་གྲྭ་དེར་ནང་བསྟན་གཞུང་ལུགས་སློབ་ཁྲིད་དགེ་རྒན་ལ་གྲུབ་མཐའ་མི་འདྲ་བའི་མཁན་པོ་དགུ་དང་། རིག་གནས་སློབ་ཁྲིད་མཁན་དགེ་རྒན་བཅུ་དྲུག་བཅས་ཡོད་སྐོར་བཀོད་ཡོད་ན་ཡང་། སློབ་ཚན་ཐད་ནང་དོན་རིག་པའི་སློབ་ཚན་གཙོ་བོ་ནི་ཚད་མ་རྣམ་འགྲེལ་དང་། ཕར་ཕྱིན་མངོན་རྟོགས་རྒྱན། དབུ་མ་ལ་འཇུག་པ་གསུམ་ལས་མེད་པར། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སྤྱི་བཤད། རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་རྨང་གཞིའི་ཤེས་བྱ། རྒྱ་ནག་གི་ཆོས་ལུགས་ལས་དོན་སྲོལ་ཡིག རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་སྤྱི་བཤད་དང་། རྒྱ་ནག་གི་ཉེ་རབས་ལོ་རྒྱུས་དང་དེང་རབས་ལོ་རྒྱུས་སོགས་གཙོ་ཆེར་སློབ་ཁྲིད་བྱེད་བཞིན་ཡོད་པ་སོགས་བཀོད་འདུག །
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།