ཕེ་རན་སིའི་སྲིད་འཛིན་ལ་རྒྱ་ནག་གིས་སླར་ཡང་སྐྱོན་བརྗོད།
2008.12.08
༄༅༎ཕེ་རན་སིའི་སྲིད་འཛིན་མཆོག་ནས་གཟའ་སྤེན་པའི་ཉིན་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བའི་རྗེས་རྒྱ་ནག་གཞུང་གིས་འབྲེལ་ཡོད་དཔོན་རིགས་ནས་སྐྱོན་བརྗོད་ཞུས་ཡོད་པའི་ཁར་དེ་རིང་གཟའ་ཟླ་བའི་ཉིན་རྒྱ་ནག་གཞུང་འབྲེལ་ཚགས་ཤོག་ཐོག་གནས་ཚུལ་འཁོད་པའི་ནང་ཕེ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་གི་བསྐྱོན་བརྗོད་དང་འབོད་སྐུལ་ལ་མ་ལྟོས་པར་༸གོང་ས་མཆོག་དང་མཇལ་འཕྲད་གནང་བ་དེའི་ངན་འབྲས་ཕེ་རན་སི་ཕྱོགས་ནས་འཁུར་དགོས་ཀྱི་ཡོད་ལུགས་དང་ཕེ་རན་སིའི་སྲིད་འཛིན་གྱི་བྱ་སྤྱོད་དེས་རྒྱ་ནག་དང་ཕེ་རན་སི་ཡུལ་གཉིས་དབར་གྱི་འབྲེལ་ལམ་ལ་གནོད་འཚེ་ཚབས་ཆེ་བཏང་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་གནས་ཚུལ་དེ་ལས་སླ་པོའི་ཐོག་ནས་བརྗེད་ཐབས་མེད་ལུགས་སོགས་འཁོད་ཡོད་པ་རེད། དེ་དང་འབྲེལ་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་སི་སི་ཊི་ལྦི་བརྙན་འཕྲིན་གྱི་མཚན་མོའི་ལས་རིམ་ཐོག་ལ་ཡང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧེ་ཡེ་ཕེ་ཡིས་འབྲེལ་ཡོད་ཕེ་རན་སིའི་ཕྱོགས་ལ་བསྐྱོན་བརྗོད་ཀྱི་བརྡ་ལན་སྤྲད་ཡོད་པའི་གནས་ཚུལ་རྒྱང་བསྲིང་བྱས་ཡོད་པ་སོགས་རྒྱ་ནག་གཞུང་གིས་ད་རེས་ཕེ་རན་སིའི་སྲིད་འཛིན་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་བའི་གནད་དོན་དེའི་ཐོག་གཞུང་འབྲེལ་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་འགྲེམས་སྤེལ་བྱེད་བཞིན་པའི་ཚགས་ཤོག་དང་རྒྱུད་ལམ་ཁག་ཚང་མ་བརྒྱུད་ནས་སྐྱོན་བརྗོད་ཀྱི་རྣམ་འགྱུར་ཤུགས་ཆེན་པོ་བཏོན་ཡོད་པ་རེད༎