རྒྱ་ནག་གཞུང་གིས་བོད་ནང་དྲ་རྒྱའི་སྒྲིག་ཁྲིམས་སྣ་ཚོགས་བཟོ་བཞིན་པ་དེ་དམར་ཤོག་ཚོགས་པའི་དོན་དངོས་ཤེས་རྟོགས་མི་ཐུབ་ཆེད་ཡིན་པ། ཉམས་ཞིབ་པས་བརྗོད་བྱུང་།

2024.02.12
རྒྱ་ནག་གཞུང་གིས་བོད་ནང་དྲ་རྒྱའི་སྒྲིག་ཁྲིམས་སྣ་ཚོགས་བཟོ་བཞིན་པ་དེ་དམར་ཤོག་ཚོགས་པའི་དོན་དངོས་ཤེས་རྟོགས་མི་ཐུབ་ཆེད་ཡིན་པ། ཉམས་ཞིབ་པས་བརྗོད་བྱུང་། རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་པས་བཏང་བའི་དྲ་རྒྱའི་སྒྲིག་ཁྲིམས་བརྡ་ཁྱབ།
China State Media

ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༢ ཚེས་ ༩ ཉིན། རྒྱ་ནག་གཞུང་འབྲེལ་རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཟེར་བས། དྲ་རྒྱའི་དཀྲོག་གཏམ་སྒྲིག་བཟོ་དང་ཁྱབ་སྤེལ་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བའི་སྐོར་གྱི་གསལ་བརྡ་ཞེས་པ་ཞིག་བཏང་སྟེ། པར་རིས་དང་བརྡ་ཁྱབ། བརྙན་དང་ཡིག་རིགས་སོགས་སྲིད་གཞུང་གིས་ཆོག་མཆན་མེད་རིགས་རྒྱུད་སྐུར་མི་ཆོག་པ་དང་། དེ་རིགས་ཐེར་འདོན་བྱེད་མཁན་ཚོར་བྱ་དགའ་སྤྲོད་རྒྱུ་སོགས་བརྗོད་འདུག་ལ། བོད་གནད་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས། རྒྱ་ནག་གཞུང་གིས་སྤྱི་ཚོགས་དྲ་ལམ་ལ་དམ་དྲགས་ཤུགས་ཆེར་བྱེད་བཞིན་པ་དེ་མི་མང་ལ་དམར་ཤོག་ཚོགས་པའི་སྲིད་དབང་གི་དོན་དངོས་ཤེས་རྟོགས་མི་ཡོང་ཆེད་ཡིན་སྐོར་བརྗོད་བྱུང་།

རྒྱ་ནག་གཞུང་འབྲེལ་གྱིས་བཏང་བའི་བརྡ་ཁྱབ་དེའི་ནང་། དྲ་རྒྱར་བརྟེན་ནས་སྤྱི་ཚོགས་བདེ་འཇགས་ལ་གནོད་སྐྱོན་བཟོ་བ་དང་། གཞུང་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ཚད་གཞིར་འཛིན་དགོས་པ། དེ་བཞིན་གཞུང་ངོས་ནས་དྲ་ཐོག་དཀྲོག་གཏམ་ལ་ཐེར་འདོན་བྱེད་པར་སྐུལ་མ་གཏོང་བ་དང་། མི་མང་གིས་གཞུང་ཕྱོགས་ཀྱི་གནས་ཚུལ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་ནས་ཐུན་མོང་གིས་དྲ་ཐོག་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས་སྐོར་བརྗོད་འདུག་ལ། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་དྲ་རྒྱའི་དཀྲོག་གཏམ་ལ་ཁ་གཡར་ནས་ཁྲིམས་སྒྲིག་འདྲ་མིན་བཟོས་པ་དེས། བོད་མི་ཚོར་སྤྱི་ཚོགས་དྲ་ལམ་གྱི་རང་དབང་དང་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ཐད་དཀའ་ངལ་བཟོ་བཞིན་ཡོད་པ་མངོན་གསལ་ཡིན་སྐོར་བརྗོད་བྱུང་།

ཡང་སྤྱི་ཚོགས་དྲ་རྒྱའི་ཐོག་མི་གཞན་རྩ་འཛུགས་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་ཟིང་ཆ་ཚབས་ཆེན་བཟོ་བ་དང་། སྲིད་གཞུང་གི་སྣང་བརྙན་ལ་གནོད་འཚེ་གཏོང་བ། སྤྱི་བདེ་ལས་ཁུངས་ཀྱིས་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་ཐ་ཚིག་སྒྲོག་པ་དང་དངུལ་ཆད་གཅོད་པ། བཀག་ཉར་བྱེད་པ་སོགས་ཀྱི་སྲིད་འཛིན་ཆད་པ་གཅོད་རྒྱུ་དང་། ནག་ཉེས་བཟོས་པའི་ཚད་ལ་སླེབས་ཡོད་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་སོགས་བཀོད་འདུག་ལ། སངས་རྒྱས་སྐྱབས་ལགས་ནས་མུ་མཐུད་རྒྱ་ནག་གཞུང་གི་སྤྱི་ཚོགས་དྲ་ལམ་གྱི་ཁྲིམས་སྒྲིག་དེ་རིགས་རྒྱ་ནག་གཞུང་དང་ལྟ་ཚུལ་མི་མཐུན་མཁན་གྱི་བསམ་ཚུལ་ཡོད་མཁན་ཚོར་དམ་དྲག་གཏོང་ཐབས་དང་། དེ་དག་གི་སྨྲ་བརྗོད་རང་དབང་བཀག་འགོག་བྱེད་ཐབས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིར་རྒྱ་ནག་གཞུང་གིས་བཏང་བའི་བརྡ་ཁྱབ་དེའི་ནང་། ཆ་འཕྲིན་རྫུན་མ་བཟོ་བ་དང་ཁྱབ་སྤེལ་གཏན་འགོག་བྱེད་པ་དང་། དྲ་རྒྱའི་དྲག་ཤུགས་དང་རིང་དུ་གྱེས་པ། གཙོ་གཞིའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ། དྲ་རྒྱའི་དཀྲོག་གཏམ་ལ་ཁྲིམས་ལྟར་རྡུང་རྡེག་བཅོས་སྒྲིག་བྱེད་པ། དྲ་རྒྱའི་དཀྲོག་གཏམ་ཧུར་ཐག་གིས་ཐེར་འདོན་ཡར་ཞུ་བྱེད་པ། ཐེར་འདོན་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན། ཐེར་འདོན་བྱེད་ཐབས་སོགས་དོན་ཚན་ ༧ ཡོད་པ་དང་། མཇུག་ཏུ་དྲ་རྒྱའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱ་རྒྱུ་རེ་བ་ཡིན་ལ། དཀྲོག་གཏམ་བཟོ་བ་དང་བརྒྱུད་བསྒྲགས་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་རྒྱུ་ཡིན་སྐོར་སོགས་བཀོད་འདུག

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།     
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎