ཨ་རིའི་སྲིད་འཛིན་ལ་རྒྱ་ནག་གིས་བསྐྱར་དུ་སྐྱོན་བརྗོད་བྱས་པ།
2008.09.28
༄༅༎གཟའ་འཁོར་སྔོན་དེར་ཨ་རིའི་སྲིད་འཛིན་ཇོརཇེ་སྦུཤི་མཆོག་གིས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་པར་ཕུལ་བ་དེར་དེ་རིང་བསྐྱར་དུ་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཏེ་གནད་དོན་དེ་ནི་རྒྱ་ནག་རྒྱལ་ནང་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པ་བཤད་ཡོད་པ་རེད།
དེ་ཡང་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བར་ལམ་སྐུ་ཁམས་བདེ་མིན་གྱིས་ཁ་སྔོན་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་བརྒྱད་ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་སྨན་ཁང་དུ་སྐུ་གཟུགས་བརྟག་དཔྱད་དུ་ཕེབས་པའི་རྗེས་ཟླ་བ་གཅིག་ཙམ་རིང་གི་མཛད་འཆར་ཁག་ཕྱིར་བསྡུ་གནང་སྟེ་རྒྱ་བོད་སྨན་པའི་ལམ་སྟོན་བཞིན་སྐུ་ངལ་གསོས་ཏེ་བཞུགས་པར་བརྟེན་ནས་ཉེ་ཆར་ཨ་རིའི་སྲིད་འཛིན་སྦུཤི་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་རྒྱལ་ཡོངས་ལྷན་ཚོགས་སུ་ཚོགས་བཅར་གནང་བའི་སྐབས་བཞུགས་སྒར་རྡ་རམ་ས་ལར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞལ་པར་ཕུལ་ཏེ་སྐུ་ཁམས་ཀྱི་གནས་སྟངས་ཐོག་ལ་བཀའ་འདྲི་ཞུས་ཡོད་པ་རེད།
ཡིན་ནའང་དེ་རིང་བསྐྱར་དུ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིའུ་ཅན་ཁྲའོ་ཡིས་ཕྱི་སྲིད་ལྷན་ཁང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་གསལ་བསྒྲགས་ཤིག་སྤེལ་ཏེ་ང་ཚོ་རྒྱ་ནག་གི་ཕྱོགས་ནས་ཨ་རིའི་སྲིད་འཛིན་གྱི་གནང་སྟངས་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། བྱ་སྤྱོད་དེ་ཡིས་ཨ་མི་རི་ཀས་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐད་ཐེ་ཇུས་བྱས་པ་ཞིག་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱས་པ་ཞིག་མཚོན་ཐུབ་པ་ཞིག་ཡིན་པ་དང་བོད་དེ་ནི་རྒྱནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་སོགས་བཀོད་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་གསུམ་པ་ནས་བོད་ཁྱོན་ཡོངས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་ནས་བཟུང་བོད་ཀྱི་གནས་སྟངས་ནི་ཧ་ཅང་གི་ཚོར་བ་གཏིང་གཟབ་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ་རེད་མ་ཟད། བོད་མི་ཚོའི་ངོས་ནས་བོད་དེ་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་བོད་ཀྱི་རྩ་དོན་ཐོག་ལ་ཞི་བའི་ཐོག་ནས་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་རྒྱ་ནག་ཕྱོགས་ནས་བོད་དེ་དུས་རབས་མང་པོའི་གོང་ནས་རྒྱ་ནག་གིི་ཆ་ཤས་ཤིག་ཡིན་པ་བཤད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་མུ་མཐུད་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དུ་གཏོང་བཞིན་ཡོད་པ་མ་ཟད། བོད་མིའི་ཐོག་སྔར་བས་དམ་བསྒྲགས་དང་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད༎