ས་བབ་ཆབ་སྲིད་ཀྱི་གལ་གནད་ལྡན་པའི་པཱ་ཀི་སི་ཐན་གྱི་གྷ་ཝ་དར་གྲོང་ཁྱེར་དུ་རྒྱ་ནག་གཞུང་གི་རོགས་སྐྱོར་འོག་རྒྱལ་སྤྱིའི་གནམ་ཐང་གསར་པ་ཞིག་དབུ་འབྱེད་བྱས་འདུག

2025.01.24
ས་བབ་ཆབ་སྲིད་ཀྱི་གལ་གནད་ལྡན་པའི་པཱ་ཀི་སི་ཐན་གྱི་གྷ་ཝ་དར་གྲོང་ཁྱེར་དུ་རྒྱ་ནག་གཞུང་གི་རོགས་སྐྱོར་འོག་རྒྱལ་སྤྱིའི་གནམ་ཐང་གསར་པ་ཞིག་དབུ་འབྱེད་བྱས་འདུག གནམ་ཐང་འཛུགས་སྐྲུན་གྱི་ལས་གཞི་དབུ་འཛུགས་སྐབས། ཕྱི་ལོ་ ༢༠༢༤།
Reuters

ཉེ་ལམ་རྒྱ་ནག་གིས་འཛུགས་བསྐྲུན་བྱས་པའི་པཱ་ཀི་སི་ཐན་ནང་གི་གནམ་ཐང་ཆེ་ཤོས་ཤིག་སྦཱ་ལོ་ཆི་སི་ཐན(Balochistan) ནང་སྒོ་འབྱེད་བྱས་པའི་ཉིན་ཤས་རྗེས། ཟླ་འདིའི་ཚེས་ ༢༢ ཉིན་པཱ་ཀི་སི་ཐན་གྱི་འཆར་འགོད་དང་ཡར་རྒྱས་དེ་བཞིན་དམིགས་བསལ་ལས་གཞིའི་བློན་ཆེན་ཨ་སན་ཨིཀ་བལ་ (Ahsan Iqbal) རྒྱ་ནག་ཏུ་ (China–Pakistan Economic Corridor) ཞེས་རྒྱ་ནག་དང་པཱ་ཀི་སི་ཐན་གྱི་དཔལ་འབྱོར་མཉམ་ལས་ཀྱི་ལས་གཞིའི་ལས་བྱེད་ ༣༠ དང་ལྷན་དུ་ཐུག་འཕྲད་བྱས་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་འཁོད་འདུག

དེ་ཡང་ (Gwadar International Airport) ཞེས་པའི་གནམ་ཐང་ནི་ཨེ་ཀར་ ༤༣༠༠ ས་ཁྱོན་དུ་ཁྱབ་ཡོད་ལ།རྒྱ་ནག་གཞུང་གིས་གནམ་ཐང་དེ་གསར་རྒྱག་ཆེད་པཱ་ཀི་སི་ཐན་གྱི་སྒོར་མོ་ཐེར་འབུམ་ ༦༦ འགྲོ་གྲོན་བཏང་ཡོད་ཅིང་། གནམ་གྲུ་ཐེངས་དང་པོ་བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཚེས་ ༢༠ ཉིན་བབས་འདུག

ཐེ་ཝན་གྱི་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་ (Sana Hashmi) ལགས་ནས། པཱ་ཀི་སི་ཐན་གཞུང་གིས་གནམ་ཐང་དེས་རྒྱལ་ཁབ་གཉིས་ཀྱི་དབར་ཕན་ཚུན་མཛའ་འབྲེལ་མཚོན་པའི་རྣམ་འགྱུར་བསྟན་དོན་ནི། པཱ་ཀི་སི་ཐན་ལ་བདེ་འཇགས་ཀྱི་དཀའ་ཉེན་ཡོད་པ་དང་རྒྱ་ནག་གཞུང་སོ་སོའི་རྒྱབ་རོགས་མཐུན་གྲོགས་སུ་ཡོད་པའི་གནས་ཚུལ་ཕྱི་ལ་མངོན་ཆེད་ཡིན་ནའང་། རྒྱ་ནག་གཞུང་གིས་དེ་ལ་ངོས་ལེན་མངོན་གསལ་དོད་པོ་མི་བྱེད་པར་རོགས་སྐྱོར་དང་ཞལ་འདེབས་ཡིན་ལུགས་བཤད་བསྡད་པ་ནི། འབྱུང་འགྱུར་རྒྱ་ནག་གཞུང་གིས་རྒྱ་གར་དང་ལྷན་འབྲེལ་ལམ་ཤུགས་ཆེ་རུ་གཏོང་འདུན་གྱི་ཀུན་སློང་བཅིངས་ཡོད་སྲིད་པ་དང་། གང་ལྟར་མཛའ་གྲོགས་ཀྱི་འབྲེལ་བ་དང་ཞལ་འདེབས་གང་ཡིན་ལ་མ་ལྟོས་པར། རྒྱ་ནག་དང་པཱ་ཀི་སི་ཐན་གྱི་མཉམ་ལས་ཀྱི་བརྒྱུད་ལམ་ལས་གཞི་དེ་ནི་གླེང་གཞི་ཅན་དང་རྩོད་རྙོག་གི་ལས་གཞི་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་དང་པཱ་ཀི་སི་ཐན་གྱི་དཔལ་འབྱོར་མཉམ་ལས་ནི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་གཙོ་བོ་ཞིག་ཡིན་ཞིང་།  (Gwadar International Airport) ཞེས་པའི་གནམ་ཐང་གསར་པ་འཛུགས་བསྐྲུན་ཐད། པཱ་ཀི་སི་ཐན་གྱི་སྲིད་བློན་ཤེ་བཛ་ཤཱ་རིཕ་ (Shehbaz Sharif) ཡིས་གནམ་ཐང་དེས་རྒྱ་ནག་དང་པཱ་ཀི་སི་ཐན་དབར་མཛའ་གྲོགས་ཀྱི་འབྲེལ་ལམ་མཚོན་གྱི་ཡོད་ཅེས་བཤད་ཡོད་ནའང་། རྒྱ་ནག་གཞུང་གིས་དེ་ནི་ཞལ་འདེབས་དང་རོགས་རམ་གྱི་ཚུལ་དུ་བསྐྲུན་པ་ཞིག་ཡིན་ལུགས་བཤད་ཡོད་པ་རེད།

རྒྱ་ནག་དང་པཱ་ཀི་སི་ཐན་གྱི་དཔལ་འབྱོར་མཉམ་ལས་ཀྱི་བརྒྱུད་ལམ་ལས་གཞི་དེ་ནི། ཕྱི་ལོ་ ༢༠༡༣ ནས་འགོ་འཛུགས་པ་དང་། ལས་གཞི་དེ་དང་འབྲེལ་ཏེ་དཔལ་འབྱོར་ཡར་རྒྱས་ཀྱི་ཆེད་རྒྱལ་ཁབ་ཕྱོགས་གཉིས་དབར་གྲོས་མཐུན་དང་ཆོད་ཡིག་སྣ་ཚོགས་ ༥༠ ལྷག་བཞག་ཡོད་ནའང་། ལས་གཞི་འགོ་བཙུགས་པ་ནས་བཟུང་པཱ་ཀི་སི་ཐན་གྱི་རྒྱ་ནག་ལ་བུ་ལོན་ཨ་སྒོར་ཐེར་འབུམ་ ༤ ནས་ཐེར་འབུམ་ ༢༩ བར་འཕར་ཡོད་སྐོར་འཛམ་གླིང་དངུལ་ཁང་གི་སྙན་ཐོའི་ནང་འཁོད་ཡོད་ཅིང་། པཱ་ཀི་སི་ཐན་གྱི་ནང་རྙོག་ཟིང་དང་ནང་འཁྲུག་ཚབས་ཆེན་འབྱུང་བཞིན་པའི་ས་གནས་སྦ་ལོ་ཆི་སི་ཐན་མངའ་སྡེའི་ནང་། རྒྱ་ནག་གཞུང་གིས་གསར་སྐྲུན་བྱས་པའི་གྷ་ཝ་ངྷུར་གནམ་ཐང་དེ་གཞུང་འབྲེལ་གྱིས་སྒོ་འབྱེད་བྱེད་སྐབས། པཱ་ཀི་སི་ཐན་གྱི་སྲུང་སྐྱོབ་བློན་ཆེན་ཁཱ་བ་ཇཱ་ཨ་སིཝི་ནས་རྒྱ་ནག་དང་མཉམ་ལས་ཀྱི་དཔལ་འབྱོར་ལས་འཆར་དེ་ལ་བརྟེན་ནས། སྦ་ལོ་ཆི་སི་ཐན་ནང་སྤྱི་ཚོགས་དང་འཕྲུལ་ལས། ནུས་པའི་ཐོན་ཁུངས་ཀྱི་སྡེ་ཚན་བཅས་གང་ལའང་ཕན་ཐོགས་དང་མཉམ་རུབ་ཤུགས་ཆེར་འགྲོ་ངེས་ཡིན་པ་བཤད་ཡོད་པ་རེད།

ད་དུང་པཱ་ཀི་སི་ཐན་གྱི་འཆར་འགོད་དང་ཡར་རྒྱས་དེ་བཞིན་དམིགས་བསལ་ལས་གཞིའི་བློན་ཆེན་ཨ་སན་ཨིཀ་བལ་ (Ahsan Iqbal) གྱིས་ལས་འཆར་གྱི་རིམ་པ་དང་པོའི་ནང་ནུས་ཤུགས་དང་། འགྲིམ་འགྲུལ། བཟོ་ལས་མཉམ་འབྲེལ་སོགས་ལ་ཤུགས་སྣོན་བྱ་རྒྱུ་དང་། རིམ་པ་གཉིས་པའི་ནང་ཞིང་ལས་དང་མི་མང་གི་འཚོ་བ་ཡར་རྒྱས་ཐད་འབད་བརྩོན་བྱེད་ཀྱི་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་འཁོད་འདུག

རྒྱུད་གཅིག་ལམ་གཅིག་གི་དྲ་བ།

འདས་པའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་རྒྱ་ནག་གཞུང་གིས་ཡར་རྒྱས་འགྲོ་བཞིན་པ་དང་། རང་བྱུང་གི་གཏེར་ཁ་དང་ནུས་པའི་ཐོན་ཁུངས་ཡག་པོ་ཡོད་པའི་རྒྱལ་ཁབ་ཁག་ཏུ། ཕྱི་འབྲེལ་དང་ཚོང་གི་ཐབས་ལམ་སྤྱད་ནས་བུ་ལོན་གང་མང་གཡར་པོ་བྱས་མཐར། རྒྱལ་ཁབ་ཉམ་ཆུང་རྣམས་བུ་ལོན་གྱི་ནང་ལྷུང་བཅུག་ནས། རྒྱ་ནག་གཞུང་གིས་གཏེར་ཁ་བརྐུ་འཁྱེར་དང་གྲུ་གཟིངས་འབབ་ཚིགས་དང་གནམ་ཐང་སོགས་གཡོ་ལེན་བྱེད་བཞིན་པར། ཉམས་ཞིབ་པ་མང་པོས་དོ་སྣང་དང་ཡིད་གཟབ་ཀྱིས་འབྲེལ་ཡོད་གཞུང་སོ་སོར་སྐུལ་མ་ཤུགས་ཆེ་གནང་དགོས་ཐུག་གི་ཡོད་པ་རེད།

གནམ་ཐང་གསར་པ་དེ་ནི་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་སྟེ་ལྷོ་ཨེ་ཤེ་ཡའི་ནང་བརྒྱབས་པའི་གནམ་གྲུ་འབབ་ཐང་གསུམ་པ་དེ་ཡིན་པ་དང་། ཕྱི་ལོ་ ༢༠༡༣ ལོར་ཤྲིལྔྐའི་ནང་དུ་རྒྱ་ནག་གིས་འཛུགས་སྐྲུན་གྱི་ (Mattala Rajapaksa International Airport) གནམ་ཐང་རྒྱག་ཆེད་བུ་ལོན་མང་པོ་ལེན་ནས་རྙོག་གླེང་ཆེན་པོའི་ནང་ཚུད་ཡོད་པ་དང་མཚུངས། ཤྲིལྔྐ་གཞུང་གིས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ (International Monetary Fund) ལ་རོགས་པ་སློང་དགོས་ཐུག་ཡོད་པ་རེད་འདུག

ཕྱི་ལོ་ ༢༠༡༧ ལོར་རྒྱ་ནག་དམར་ཤོག་གཞུང་གི་རྩ་ཁྲིམས་ནང་རྒྱུད་གཅིག་ལམ་གཅིག་ (BRI) ལས་གཞི་སྐོར་བཀོད་ཡོད་པ་དང་། ད་བར་ལས་གཞི་དེར་རྒྱལ་ཁབ་ ༡༥༠ ལྷག་ཙམ་གྱིས་ (BRI) མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད།

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎