རྒྱལ་ཁབ་གསུམ་གྱི་ལྷན་ཚོགས་བསྐྱར་གསོ་གནང་རྒྱུ་ཡིན་པ།
2015.10.26
ཉི་ཧོང་དང་རྒྱ་ནག་ལྷོ་ཀོ་རི་ཡ་བཅས་རྒྱལ་ཁབ་གསུམ་གྱི་དབར་སླར་ཡང་གྲོས་མོལ་གྱི་ལྷན་ཚོགས་གནང་འཆར་ཡོད་པ་རེད།
དེ་ཡང་གཟའ་ཕུར་བུའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Hua Chunyingགྱིས། རྒྱ་ནག་དང་ཉི་ཧོང་། ལྷོ་ཀོ་རི་ཡ་བཅས་ཀྱི་དབར་དེ་སྔ་ཕྱི་ལོ་༢༠༡༢ལོ་ནས་བཟུང་ལོ་འཁོར་ལྷན་ཚོགས་གནང་རྒྱུ་མཚམས་ཆད་པ་དེ་བཞིན་བསྐྱར་གསོ་བྱེད་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་པ་ལས་དམིགས་བསལ་དུས་ཚོད་སོགས་གསལ་ཁ་བཏོན་མེད་པ་རེད།
འོན་ཀྱང་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། ལྷན་ཚོགས་དེ་ཕྱི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་Seoulནང་བསྐོངས་ཚོགས་གནང་འཆར་ཡོད་འདུག
དེ་དང་ཕྱོགས་མཚུངས་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་ལས་ཁུངས་ནས་ཀྱང་། རྒྱ་ནག་གི་སྲིད་བློན་Li Keqiangསི་ཡོལ་དུ་འདི་ཚེས་སུམ་ཅུ་སོ་གཅིག་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་འཚམས་གཟིགས་གནང་གི་ཡོད་ལུགས་གསལ་བཤད་གནང་ཡོད་པ་རེད།
དེའི་གོང་ལྷོ་ཀོ་རི་ཡའི་སྲིད་བློན་མཆོག་ནས་ཉི་ཧོང་དང་མཉམ་དུ་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུའི་ཐུགས་འདོད་ཡོད་ལུགས་དང་རྒྱལ་ཁབ་གསུམ་དབར་སྔར་བཞིན་ལྷན་འཛོམས་ཡོང་རྒྱུའི་རེ་བ་གནང་གི་ཡོད་ལུགས་གསུངས་ཡོད་པ་བཅས་གང་ལྟར་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ལོ་འཁོར་རེའི་ནང་། རྒྱལ་ཁབ་གསུམ་ལྷན་ཚོགས་གནང་གི་ཡོད་པ་དེ་བཞིན་ཕྱི་ལོ་ ༢༠༡༢ ལོར་ཉི་ཧོང་དང་ལྷོ་ཀོ་རི་ཡའི་དབར་དེ་སྔ་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གི་དམག་མིས་ལྷོ་ཀོ་རི་ཡའི་མི་མང་དང་ལྷག་པར་དུ་བུད་མེད་ཚོའི་ཐོག་བཙན་གཡེམ་བྱས་པའི་གནས་ཚུལ་རྣམས་ལ་དགོངས་སེལ་དང་། ལྷག་པར་དུ་གུན་གསབ་སྤྲོད་དགོས་ལུགས་དགོས་འདུན་བཏོན་པ་བཅས་ཀྱི་འོག་ནས་ཡུལ་གཉིས་དབར་འགལ་ཟླ་ཕྱིན་ཏེ། ལྷན་ཚོགས་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།
དེ་བཞིན་རྒྱ་ནག་མཉམ་དུའང་ཉི་ཧོང་གི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་པ་སོགས་ཀྱིས་བྱང་ཤར་ཨེ་ཤ་ཡའི་ཡུལ་གྲུ་དེ་དག་དབར་མི་མཐུན་པའི་གནས་ཚུལ་མུ་མཐུད་གནས་ཡོད་པ་རེད། འོན་ཀྱང་ད་ཆ་གོང་ཞུས་ཡུལ་གྲུ་གསུམ་དབར་ལྷན་ཚོགས་གནང་རྒྱུ་བསྐྱར་གསོ་གནང་རྒྱུའི་རེ་བ་ཞིག་ཆགས་ཡོད་པ་རེད།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།