རྒྱ་ནག་གིས་ཐོབ་ཐང་དོན་གཉེར་བ་ཞིག་ལ་ཁྲིམས་ཆད་བཏང་བ།
2016.01.22
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་ལ་སོ་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་རྒྱ་མིས་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀི་སི་ཐན་ནང་གནས་སྡོད་གནང་མཁན། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཧད་ཐའོ་Zhang Haitaoཡིས། དྲ་རྒྱའི་ཐོག་རྒྱ་ནག་གུང་ཁྲན་ཚོགས་པར་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་བའི་རྐྱེན་གྱིས། རྒྱལ་ཁབ་མགོ་རྟིང་སློག་རྩིསདང་ཁྲིམས་འགལ་ཐོག་ནས་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ཕྱིར་གྱར་བྱས་ལུགས་ཀྱི་ཉེས་བཙུགས་ཐོག་ནས་རྒྱ་ནག་གི་ཁྲིམས་ཁང་ཞིག་ནས་བཙོན་འཇུག་ལོ་༡༩འི་ཉེས་ཆད་བཏང་ཡོད་འདུག
དམངས་གཙོ་དོན་གཉེར་བ་ཀྲང་ཧད་ཐའོ་ཡི་ཁྲིམས་རྩོད་པ་ལི་ཏུན་ཡང་གིས་རྒྱ་ནག་གཞུང་ཕྱོགས་ནས་ཁྲིམས་ཁང་དུ་བཏོན་པའི་ཉེས་པ་ཡོད་ལུགས་ཀྱི་དཔང་རྟགས་ནི། ཀྲང་གིས་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་འདེབས་བྱས་པ་ཙམ་ལས་དེ་མིན་གྱི་དཔང་རྟགས་གང་ཡང་བཏོན་ཡས་མེད་པ་དང་། ཀྲང་ལ་བཙོན་འཇུག་ལོ་༡༩ཡིས་ཉེས་ཆད་བཅད་པ་དེ་ཧ་ཅང་གི་ཉེས་ཆད་ནན་པོ་ཞིག་ཡིན་ཞིང་། ཡིན་ནའི་རྒྱ་ནག་ནང་དེ་ནི་རྒྱུན་ལྡན་ཞིག་ཡིན་པ་རེད་ཅེས་རོས་ཀྲར་གསར་འགྱུར་བརྒྱུད་ལམ་ལ་འགྲེལ་བརྗོད་གནང་འདུག
དེ་དང་ཕྱོགས་མཚུངས་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའི་ཤིན་ཐད་ལན་ནས་ལོའོསེ་ཡུལ་གྲུའི་ནང་བསྐྱོད་པའི་ལམ་བར་གར་སོང་ཆ་མེད་དུ་གྱུར་ནས་ཉིན་གྲངས་བཅུ་ཙམ་འགྲོ་གི་ཡོད་ཅིང་། དམངས་གཙོ་དོན་གཉེར་ཅན་ལིའི་ཤིན་ནི་རྒྱ་ནག་ལྷོ་ཕྱོགས་གྲོང་ཁྱེར་ཉིན་རེའི་ཚགས་ཤོག་གི་གསར་འགོད་པ་ཡིན་པ་དང་། ད་ལོ་ཕྱི་ཟླ་དང་པོའི་ཚེས་༡ཉིན། རྒྱ་གར་ནས་ཐེ་ལན་ནང་འབྱོར་ནས། ཐེ་ལན་དུ་ཆབ་སྲིད་སྐྱབས་བཅོལ་ཞུ་རྒྱུའི་འཆར་གཞི་ཡོད་པ་ཁོང་གི་གྲོགས་པོ་ཐེ་ལན་ནང་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཞུའུ་ཧོང་གིས་གསུངས་འདུག་ལ་ལིའི་ཤིན་གྱི་གནས་སྟངས་ད་ཆ་ཉེན་ཚབས་ངང་གནས་ཡོད་པ་དང་།
ཕལ་ཆེར་ཁོང་རྒྱ་ནག་ཉེན་རྟོག་པར་རྩིས་སྤྲོད་བྱས་ཟིན་པར་ངོས་འཛིན་དང་སེམས་འཚབ་བྱེད་བཞིན་ཡོད་འདུག
དམངས་གཙོ་དོན་གཉེར་བ་ལིའི་ཤིན་གྱི་གཟའ་ཟླ་ཧྲེ་སན་དམིད་ཀྱིས་གསུངས་བར་གཞིགས་ན། ཐེ་ལན་གྱི་ཉེན་རྟོག་པས་ཁོང་གི་བཟའ་ཟླ་ལིའི་ཤིན་གར་ཡོད་རྩད་གཅོད་ཡོང་རྒྱུའི་དགོས་འདུན་ལ་ཁས་ལེན་མ་བྱས་པར་གནད་དོན་དེའི་སྐོར་རྒྱ་ནག་གཞུང་ཚབ་ཁང་ལ་འབྲེལ་བ་བྱ་དགོས་ལུགས་བརྗོད་ཡོད་འདུག
ཡིན་ནའི་རྒྱ་ནག་ཕྱི་སྲིད་ལས་ཁུང་གི་མགྲིན་ཚབ་པ་ཧུང་ལལ་གྱིས་གསར་འགོད་ལྷན་ཚོགས་ཐོག་གནད་དོན་དེའི་སྐོར་ཤེས་རྟོགས་གང་ཡང་མེད་ལུགས་ལན་འདེབས་བྱས་ཡོད་པ་རེད།
གསར་འགོད་པ་འཆི་མེད།