རྒྱ་ནག་གིས་སྐད་འཕྲིན་ཚོགས་པ་ཁག་ལ་དམ་དྲག་ཆེ་བ་བྱེད་ཀྱི་འདུག
2017.04.18
དྲ་རྒྱའི་བརྒྱུད་ལམ་སྐད་འཕྲིན་སོགས་སུ་ཚོགས་པ་བཟོས་ནས་ཕན་ཚུན་འབྲེལ་བ་བྱ་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་བ་བྱེད་ཀྱི་ཡོད་འདུག
དེ་ཡང་ཉེ་ཆར་ Citizen Lab ཟེར་བ་འཕྲུལ་རིག་ཞིབ་འཇུག་ཁང་ཞིག་གིས་རྒྱ་ནག་གིས་སྤྱི་ཚོགས་དྲ་ལམ་ཐོག་དམ་དྲག་གང་འདྲ་བྱེད་ཀྱི་ཡོད་པ་དང་། ག་རེའི་ཐོག་དམ་དྲག་བྱེད་ཀྱི་ཡོད་པ་སོགས་ཀྱི་ཐོག་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་འདོན་སྤེལ་བྱས་པ་ཞིག་(The Verge) ཞེས་པའི་འཕྲུལ་ལས་དུས་དེབ་ཟུར་བཏོན་བྱས་འདུག་པ་དེའི་ནང་། དེང་སྐབས་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་བེད་སྤྱོད་ཤུགས་ཆེ་གཏོང་གི་ཡོད་པའི་སྐད་འཕྲིན་ནམ་(WeChat)་ཐོག་བགྲོ་གླེང་དང་བརྙན་པར་སོགས་གཏོང་རེས་ཐད་རྒྱ་ནག་གཞུང་གིས་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་དེ་ཚོའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། མི་འཇུ་བཟུང་བྱེད་པ། དེ་བཞིན་ཆོས་ལུགས་རང་དབང་སོགས་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་ཡིག་འབྲུ་དང་། སྐད་ཆའི་རིགས་ཐོན་པ་ཙམ་གྱིས་ཤེས་རྟོགས་ཐོག་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། དམིགས་བསལ་སྐད་འཕྲིན་(WeChat) ་ནང་མི་སྒེར་ཕན་ཚུན་འབྲེལ་བ་བྱེད་པ་ལས་སྐད་འཕྲིན་གྱི་ཚོགས་པ་བཟོས་ཕན་ཚུན་འབྲེལ་བ་བྱེད་པའི་ཐོག་དམིགས་བསལ་དམ་དྲག་བཀག་སྡོམ་ཆེ་བ་བྱེད་ཀྱི་ཡོད་པའི་སྐོར་བཀོད་འདུག
ད་ལྟའི་ཆར་འཛམ་གླིང་ཁྱོན་ཡོངས་སུ་སྐད་འཕྲིན་ནམ་(WeChat) ་བེད་སྤྱོད་བྱེད་མཁན་ས་ཡ་བདུན་བརྒྱ་ལྷག་ཙམ་ཡོད་པ་དང་། ཡིན་ནའི་དེ་དག་མང་ཆེ་བ་རྒྱ་མི་རིགས་ཀྱི་སྤྱི་ཚོགས་ནང་བེད་སྤྱོད་བྱེད་ཀྱི་ཡོད་ཅིང་། དམིགས་བསལ་རྒྱ་ནག་ནང་དང་། བོད་ཕྱི་ནང་གཉིས་ནས་སྐད་འཕྲིན་(WeChat) ་དྲ་ལམ་བེད་སྤྱོད་བྱེད་མཁན་ཧ་ཅང་མང་པོ་ཡོད་པར་བརྟེན་སྐད་འཕྲིན་ (WeChat) ་དྲ་ལམ་བེད་སྤྱོད་གནང་མཁན་ཚོས་ཀྱང་(WeChat) བརྒྱུད་ནས་ཕན་ཚུན་འབྲེལ་བའི་གནས་ཚུལ་ཡོངས་རྫོགས་རྒྱ་ནག་གཞུང་གིས་བལྟ་ཞིབ་ཐུབ་ཀྱི་ཡོད་སྟབས་ (WeChat) སྐད་འཕྲིན་ཐོག་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་རིགས་ཤོད་རྒྱུ་དང་། བརྒྱུད་སྤེལ་བྱ་རྒྱུར་ཟབ་ནན་ངེས་པར་དུ་གནང་དགོས་ཀྱི་ཡོད་ཅིང་། དེ་སྔོན་བོད་ནང་རྒྱ་ནག་གཞུང་གིས་བོད་མི་འཇུ་བཟུང་བྱས་པའི་ཁོངས་སུ། ཁོང་ཚོའི་ཁ་པར་གྱི་ནང་སྐད་འཕྲིན་བརྒྱུད་ཁྲིམས་འགལ་གྱི་ཡིག་ཆ་ཟེར་བ་ཐོན་པ་དང་། ཕྱིའི་གྱེན་ལོག་ཤོག་ཁག་དང་འབྲེལ་བ་བྱས་ཚུལ་སོགས་ཀྱི་ནག་ཉེས་བཙུགས་པའི་གནས་ཚུལ་བྱུང་ཡོད་པ་རེད།
དེང་སྐབས་རྒྱ་ནག་གཞུང་གིས་སྐད་འཕྲིན་ཐོག་༧༠༩རྡུང་རྡེག་ཟེར་བ་༢༠༡༥ལོའི་ཕྱི་ཟླ་༧པའི་ཚེས་༩ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྕོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་མི་གྲངས་གཉིས་བརྒྱ་ལྷག་ཙམ་དུས་གཅིག་ཏུ་འཇུ་བཟུང་འདྲི་ཞིབ་དང་བཙོན་འཇུག་བྱས་པའི་གནས་ཚུལ་དང་འབྲེལ་བའི་སྐོར་ཁྱབ་སྤེལ་བྱ་རྒྱུར་དམ་དྲག་བཀག་སྡོམ་ཤུགས་ཆེ་བྱེད་བཞིན་ཡོད་པའི་སྐོར་ཞིབ་འཇུག་སྙན་ཐོ་དེའི་ནང་བཀོད་འདུག།
གསར་འགོད་པ་འཆི་མེད།