བོད་རྔ་པ་ཁུལ་ཛ་དྲག་གི་གནས་སྟངས།
2011.04.13
༄༅༎བོད་མདོ་སྨད་རྔ་པ་ཁུལ་ཁ་ས་ཕྱི་ཚེས་༡༢ཉིན་མི་མང་དང་རྒྱ་མིའི་དཔུང་དམག་དབར་གདོང་ཐུག་བྱུང་ནས་ལོ་ན་༦༠ཡོལ་བའི་རྨོ་བོ་ལགས་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། རྒྱ་མིའི་སྤྱི་སྤྱོད་རླངས་འཁོར་འབྲིང་བ་བཞི་བཅུ་ལྷག་དགོན་པའི་མཐའ་འཁོར་དུ་འབྱོར་ཡོད་ཀྱང་ མི་མང་ཚོས་རླངས་འཁོར་གྱི་མདུན་ལ་འདོན་ནས་འགོག་ཐབས་བྱས་པར་བརྟེན།རྒྱ་མིའི་རླངས་འཁོར་དགོན་པའི་ནང་འགྲོ་ཐུབ་མེད་པ་རེད། ཁ་ས་མཚན་མོ་མང་ཚོགས་ཀྱིས་དགོན་པའི་རྒྱལ་སྒོ་དང་ཐག་ཉེ་སའི་ལམ་གཞུང་དུ་ཉལ་འདུག།
རྒྱ་གཞུང་གིས་རྒྱ་མིའི་ཉེན་རྟོག་མི་སྣ་དང་དམག་མི་འབོར་ཆེན་བཏང་ནས་རྔ་པ་རྫོང་དང་དེའི་ཉེ་འཁོར་དུ་ཡོད་པའི་མཐའ་བ་འགབ་མའི་སྡེ་ བའི་ཁྱིམ་ཚང་རེ་རེ་བཞིན་ཞིབ་བཤེར་བྱས་ཏེ། ཁྱིམ་ཚང་རེ་རེའི་ནང་མི་ག་ཚོད་ཡོད་མེད། དེ་བཞིན་ནང་མི་དེ་ཚོ་ད་ལྟ་ས་ཆ་ག་བར་ཡོད་མེད་དང༌། སྐབས་དེར་ཁྱིམ་ཚང་ནང་ཡོད་པའི་མི་དེ་ཚོ་ཁྱིམ་ཚང་དེའི་མི་ཡིན་མིན་སོགས་རྩད་གཅོད་ནན་པོ་བྱས་འདུག།
ས་གནས་མི་མང་གིས་གནས་ཚུལ་གོ་ཡག་ལ་བྱས་ན། རྔ་པ་རང་སྐྱོང་ཁུལ་མོའུ་རྫོང་ཁོངས་ཀྱི་བཙོན་ཁང་ནང་མི་ཆིག་སྟོང་ལྷག་གཤོང་ས་ཞིག་སྟོང་པ་བཟོས་ཡོད་པ་དང༌། ཀིརྟི་དགོན་པའི་དགེ་འདུན་པ་དགུང་ལོ་༡༨ནས་༤༠བར་ཚང་མ་དེར་ཁྲིད་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་བཞིན་ཡོད་པ་རེད།
ཉེ་སྔོན་གསུམ་པའི་༡༦ཉིན་རང་ལུས་མེར་བསྲེག་བཏང་གནང་ནས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དགེ་འདུན་པ་ཕུན་ཚོགས་ལགས་ཀྱི་ཨ་ཞང་བློ་བཟང་བཙོན་གྲུས་ལགས་དང༌། ཕུན་ཚོགས་ལགས་ཀྱི་སྤུན་རྒན་པ་བློ་བཟང་དར་རྒྱས་ལགས།གཉིས་ཁ་ས་ཕྱི་ཚེས་༡༢ཉིན་བསྐྱར་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་སོགས་རྔ་པ་ཁུལ་གནས་སྟངས་ཛ་དྲག་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱུང་ཁུངས་བོད་གནས་འབྲེལ་མཐུད་པ་ཚེ་རིང་ལགས་དང་བློ་བཟང་ཡེ་ཤེས་ལགས་གཉིས་ཀྱིས་གནས་ཚུལ་བཏང་གནང་འདུག།