རྒྱ་ནག་ནང་གི་ཡུལ་ཐང་རིན་གོང་དམའ་རུ་ཕྱིན་ཡོད་པ།
2012.06.09
༄༅༎རྒྱ་ནག་གཞུང་ཕྱོགས་ཀྱིས་བཏོན་པའི་སྙན་ཐོ་ཞིག་གཞིར་བཟུང་ལྟར་ན། ལོ་འདིའི་ཕྱི་ཟླ་ལྔ་པའི་ནང་རྒྱ་ནག་ནང་གི་ཡུལ་ཐང་རིན་གོང་དམའ་རུ་ཕྱིན་ཏེ་ད་ཆ་བརྒྱ་ཆ་གསུམ་ཙམ་དུ་གནས་ཡོད་འདུག་ཅིང༌། འདིས་འཛམ་གླིང་ནང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ལྷོད་དུ་འགྲོ་གི་ཡོད་པའི་མཚོན་རྟགས་ཤིག་ཏུ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ཇི་ཙམ་གྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་དུ་འགྲོ་བ་དེ་ཚོད་ཀྱིས། ཉོ་འཚོང་གི་བྱ་བཞག་མང་དུ་འགྲོ་གི་ཡོད་པ་དང༌། ཉོ་འཚོང་གི་ཚད་གཞི་ལ་དཔགས་ཏེ་ཁྲོམ་རྭའི་རིན་གོང་ལ་འཕར་ཆགས་ཡོང་གི་ཡོད་པ་རེད།
ཕྱི་ཟླ་ལྔ་པའི་ནང་གི་ཡུལ་ཐང་རིན་གོང་བརྒྱ་ཆ་གསུམ་ཙམ་དུ་མར་ཆགས་པ་དེ་ནི། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་གི་དམའ་ཤོས་དེ་ཡིན་པ་དང༌། དཔལ་འབྱོར་དབྱེ་ཞིབ་པ་ཚོས་ཕྱི་ཟླ་ལྔ་པའི་ནང་གི་རྒྱ་ནག་གི་ཡུལ་ཐང་རིན་གོང་བརྒྱ་ཆ་གསུམ་དང་གྲངས་ཆུང་གཉིས་ཙམ་དུ་གནས་རྒྱུའི་ཚོད་དཔག་བྱས་ཡོད་པ་རེད།
ཨ་མི་རི་ཀའི་ནང་རྟེན་གཞི་བྱེད་པའི་ Goldman Sachs གྱི་དཔལ་འབྱོར་དབྱེ་ཞིབ་པ་ཡུའུ་སོང་གིས། ཡུལ་ཐང་རིན་གོང་དམའ་རུ་འགྲོ་བཞིན་པ་དང་དེ་བཞིན་བཟོ་ལས་ཀྱི་ཐོན་སྐྱེས་ཆུང་དུ་འགྲོ་བཞིན་པ་བཅས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་ཆུང་དུ་འགྲོ་རྒྱུ་འགོག་ཐབས་ཆེད་གཞུང་ཕྱོགས་ནས། གཞུང་དངུལ་ཁྱོན་ཆེ་བཏང་སྟེ་དཔལ་འབྱོར་ངར་ཤུགས་སློང་བའི་ཐབས་ལམ་བེད་སྤྱོད་བྱ་རྒྱུའི་དུས་ཚོད་རན་པོ་ཡིན་པའི་དགོངས་ཚུལ་བཏོན་འདུག།
གཞི་རྐང་ཕྱི་ཟླ་ ༤ པའི་སྡོམ་བོར་ལ་གཞིགས་ཚེ་ རྒྱ་ནག་ནང་གི་བཟོ་གྲྭ་ས་ཡ་མང་པོ་ཡོད་པ་དེ་དག་གི་ཐོན་སྐྱེས་བརྒྱ་ཆ་ ༩ ཙམ་ལོན་ཡོད་ན་ཡང་། དེ་ནི་ཚོད་དཔག་བྱས་པའི་བརྒྱ་ཆ་ ༩ དང་གྲངས་ཆུང་ ༩ ལས་ཉུང་བ་ཡིན་ཞིང༌། ལྷག་པར་དུ་ཡོ་རོབ་ནང་གི་དཔལ་འབྱོར་གནས་བབས་ཉམས་ཆགས་སུ་འགྲོ་བཞིན་པ་དེས། རྒྱ་ནག་གི་ཕྱིར་འཚོང་གི་གནས་བབས་ལ་དོ་ཕོགས་ཆེན་པོ་ཐེབས་བཞིན་ཡོད་པ་རེད།།