རྒྱ་ནག་གིས་རྒྱ་གར་ནང་གི་བདེ་འཇགས་དང་འབྲེལ་གནས་ཚུལ་རྒྱུས་ལོན་བྱས་འདུག
2017.10.12
རྒྱ་གར་དུ་བཅའ་སྡོད་རྒྱ་ནག་གི་ཕྱི་འབྲེལ་མི་སྣས་འབྲས་ལྗོངས་ཁུལ་ཙམ་མ་ཟད། རྡོར་རྗེ་གླིང་ཁུལ་དུའང་བསྐྱོད་དེ་རྒྱ་གར་ཤར་ཕྱོགས་ནུབ་བྷང་གལ་མངའ་སྡེའི་གཞུང་གི་མཐོ་རིམ་ལས་བྱེད་མཉམ་འབྲེལ་བ་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་གནད་འགག་ཆེ་བའི་གནས་ཚུལ་རིགས་རྒྱུས་ལོན་བྱས་ཡོད་སྲིད་པའི་གནས་ཚུལ་ཞིག་ཐོན་འདུག
དེ་ཡང་(Business World)་ཞེས་པའི་གསར་ལམ་གྱིས་སྤེལ་བའི་གནས་ཚུལ་ཞིག་ནང་། ནུབ་བྷང་གལ་མངའ་སྡེའི་ནང་གི་རྡོར་རྗེ་གླིང་ས་གནས་དེ་དག་(Gorkhaland)་མངའ་སྡེ་མིང་ཐོག་ནས་ཟུར་ཐོན་ལོགས་ཀར་བྱ་རྒྱུའི་ལས་འགུལ་ཟླ་བ་མང་པོའི་རིང་འགྲོ་བཞིན་པའི་སྐབས་འདིར། རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་གནད་འགག་ཆེ་བའི་གནས་ཚུལ་མང་པོ་ཞིག་རྒྱ་ནག་ལ་མཁོ་སྤྲོད་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག
རྒྱ་ནག་གི་ཕྱི་འབྲེལ་ལས་བྱེད་པ་འབྲས་ལྗོངས་ཁུལ་གཅིག་པུ་མ་ཡིན་པར་ད་ཆ་རྡོར་རྗེ་གླིང་ཁུལ་དུའང་འབྱོར་ནས་ནུབ་བྷང་གལ་མངའ་སྡེ་གཞུང་གི་མཐོ་རིམ་ལས་བྱེད་པའི་མཉམ་འབྲེལ་བ་བྱས་ནས་གནས་ཚུལ་གནད་འགག་ཅན་མང་པོ་རྒྱུས་ལོན་བྱེད་བཞིན་ཡོད་པ་གོང་ཞུས་གསར་ལམ་དེས་གནས་ཚུལ་སྤེལ་འདུག
གསང་བའི་གནས་ཚུལ་འབྱུང་ཁུངས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རང་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་ཤིག་དང་ཁོང་གི་བཟའ་ཟླ་གཉིས་རྡོར་རྗེ་གླིང་ཁུལ་དུ་བདུན་གཅིག་བསྡད་པའི་རིང་ནུབ་བྷང་གལ་མངའ་སྡེའི་གཞུང་གི་མཐོ་རིམ་འགོ་ཁྲིད་ཁག་མཉམ་ཐུག་འཕྲད་ཀྱིས་ཁོང་ཚོར་ལག་རྟགས་ཐོན་གསར་འཕྲུལ་རིགས་སྣ་ཚོགས་སྤྲད་ནས་ཁོང་ཚོ་ཕན་ཚུན་དུས་རྒྱུན་དུ་འབྲེལ་བ་མུ་མཐུད་བྱ་རྒྱུའི་སྐད་ཆ་བཤད་འདུག་ལ་ནུབ་བྷང་གལ་མངའ་སྡེའི་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པ་ཚོར་ཆུ་ཚོད་སོགས་རྔན་པ་སྤྲད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།