རྒྱ་གཞུང་གིས་ཕྱིའི་གསར་འགོད་པ་ཕྱིར་བུད་བྱས་པ་གཡོལ་ཐབས།
2012.05.10
༄༅༎རྒྱ་ནག་གཞུང་གིས་ཨལ་ཇ་ཛི་ར་(Al-Jazeera)བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་ཕྱིར་འབུད་བྱས་པའི་གནས་ཚུལ་གཡོལ་ཐབས་བྱེད་ཀྱི་ཡོད་འདུག༎
རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཐོག་འདྲི་བ་བཅོ་བརྒྱད་བང་བསྒྲིགས་པ་ནས་བཅུ་བཞི་ཨལ་ ཇ་ཛི་ར་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་ མེ་ལི་ས་ ཆན་(Melissa Chan)ཕྱིར་འབུད་བྱས་པའི་སྐོར་ཡིན་ཀྱང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་གོང་ཞུས་ཕྱི་རྒྱལ་གྱི་གསར་འགོད་པ་ཕྱིར་འབུད་སྐོར་མ་ཡིན་པའི་འདྲི་བ་བཞི་ལས་བཀོད་མེད་པ་དང་ འདྲི་བ་གཉིས་དཀྱིལ་ཤར་ཡུལ་གྲུའི་སྐོར་དང་གཉིས་ཕི་ལི་པིནྶེ་སྐོར་ཡིན་འདུག བདུན་གཅིག་ནང་ཉིན་ལྔའི་རིང་གསར་འགོད་ལྷན་ཚོགས་དེ་རིགས་བྱེད་སྲོལ་ཡོད་པ་ལྟར་ཡིག་ཐོག་ཕབ་སྒྱུར་བྱས་པའི་འདྲི་བ་དང་འདྲི་ལན་ཁག་གཞུང་འབྲེལ་རྩ་འཛིན་གྱི་ཡིག་ཆར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་བསུན་བཙིར་ཅན་གྱི་འདྲི་བ་ཁག་ཅིག་བརྩི་མེད་བཏང་གི་ཡོད་པ་ཡོངས་གྲགས་རེད། ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་པ་ཞིག་གིས་ འདྲི་བ་འདྲེ་ལན་གྱི་ཡིག་ཆ་ཆད་ལྷག་ཡོད་པ་ཤེས་ཀྱི་མེད་པས་གལ་སྲིད་དེ་ལྟར་ཡིན་ཚེ་ འདྲི་བ་དེ་དག་མགྱོགས་འཕྲིན་ཐོག་གཏོང་དགོས་ལུགས་གསལ་བཤད་བྱས་ཡོད་འདུག རྒྱ་ནག་གི་བརྒྱུད་ལམ་ཁག་གིས་མེ་ལི་ས་ཆན་ཕྱིར་འབུད་བྱས་པའི་སྐོར་གནས་ཚུལ་གང་ཡང་བཀོད་མེད་པ་རེད། རེས་གཟའ་མིག་དམར་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་མགྲིན་ཚབ་པ་ ཧོངྒ་ ལེའི་(Hong Lei) ཡིས་མེ་ལི་ས་ཅན་ཕྱིར་འབུད་བྱས་པའི་སྐོར་འདྲི་བ་བཏང་ཚད་ལ་ལན་འདེབས་བྱས་ཡོད་པ་མ་ཟད་ ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་རྒྱ་ནག་གི་སྒྲིག་ཁྲིམས་ལ་བརྩི་བཀུར་ཞུ་དགོས་སྐོར་ཡང་ཡང་བཤད་ཡོད་འདུག། འོན་ཀྱང་དོ་བདག་གི་སྒྲིག་ཁྲིམས་ག་རེ་གལ་འཛོལ་བྱས་སྐོར་གསལ་ཁ་གང་ཡང་བཏོང་མི་འདུག། ཕྱི་ལོ་༡༩༩༨ལོ་ནས་བཟུང་ད་བར་ཕྱི་རྒྱལ་གྱི་གསར་འགོད་པ་ཕྱིར་འབུད་བྱས་པ་ཐེངས་དང་པོ་ཡིན་འདུག༎