རྒྱ་ནག་གིས་ཁྲིམས་རྩོད་པ་དང་དོན་གཉེར་བ་ཚོར་སྡིག་ར་སྐུལ་བ།
2016.04.19
ནང་སོག་ནང་མཁའ་རླུང་སྦག་བཙོག་གི་གནད་དོན་ཐོག་འཐབ་རྩོད་གནང་མཁན་ཁྲིམས་རྩོད་པ་དང་། དོན་གཉེར་བ་ཚོར་རྒྱ་ནག་གཞུང་ནས་སྡིག་ར་སྐུལ་གྱི་ཡོད་པའི་གནས་ཚུལ་འདུག
འདས་པའི་དུས་ཡུན་གང་འཚམ་ཞིག་ནས་བཟུང་རྒྱ་ནག་གི་ཁོངས་སུ་ཡོད་པའི་ནང་སོག་གི་ Ar-Hundelen་ཞེས་པའི་མངའ་ཁུལ་གྱི་ Zaruud Banner་ས་ཁུལ་གྱི་འབྲོག་པ་ཚོས། ཁོང་ཚོའི་ས་གནས་ཀྱི་ཉེ་འཁྲིས་སུ་ཧ་ཡང་གི་བཞུ་སྦྱང་བྱེད་ཡུལ་གྱི་བཟོ་གྲྭ་ཞིག་ཡོད་པ་དེས་རྐྱེན་པས་ས་གནས་ཡུལ་མི་དང་། སྒོ་ཕྱུག་སེམས་ཅན་གྱི་སྲོག་དང་འཕྲོད་བསྟེན་ལ་དོ་ཕོག་ཆེན་པོ་ཐེབས་ཀྱི་ཡོད་པའི་གནད་དོན་ཐོག་འབྲེལ་ཡོད་ལས་ཁུངས་ལ་ཞུ་གཏུགས་དང་། ངོ་རྒོལ་གྱི་རྣམ་འགྱུར་བསྟན་བཞིན་ཡོད་ཅིང་། དེའི་སྐབས་ཉེན་རྟོག་པས་ངོ་རྒོལ་བྱེད་མཁན་མི་གྲངས་དྲུག་ཙམ་འཛིན་བཟུང་དོ་དམ་བྱས་ཡོད་འདུག་ལ་ཁོང་ཚོའི་གནད་དོན་ལ་སེམས་འཚབ་དང་བཅས་མཐུན་འགྱུར་བྱེད་མཁན་གྱི་ཁྲིམས་རྩོད་པ་དང་། དོན་གཉེར་བ་ཁག་ཅིག་ནས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
འོན་ཀྱང་ད་ཆ་ཁོང་ཚོར་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚོས་གོང་ཞུས་དོ་ཕོག་བྱུང་ཡུལ་གྱི་ས་གནས་སུ་འགྲོ་རྒྱུར་དམ་བསྒྲགས་དང་། ཡང་ན་འབྲོག་པ་ཚོ་ཐུག་འཕྲད་བྱེད་མ་བཅུག་པ་སོགས་ཀྱི་འགོག་རྐྱེན་བཟོ་བཞིན་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་ས་གནས་ནས་མིང་འདོན་མི་བྱེད་པའི་མི་སྣ་ཁག་ནས་གནས་ཚུལ་ངོ་སྤྲོད་བྱས་པ་ལྟར་ན། ཛ་རུཏ་ཞེས་པའི་ས་གནས་སུ་ཁྲིམས་ཐོག་ནས་ཞུ་གཏུགས་བྱེད་རྒྱུར་མཐུན་འགྱུར་དང་། སློབ་གསོ་སྤྲོད་པར་འགྲོ་མཁན་གྱི་ཁྲིམས་རྩོད་པ་བཞི་ཉེན་རྟོག་པས་བཀག་འགོག་བྱས་པར་བརྟེན་ད་ཆ་གནད་དོན་འདིའི་ཐོག་ཞུ་གཏུགས་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱེད་འདུག དེའི་གོང་སྦག་བཙོག་གི་རྐྱེན་པས་སྒོ་ཕྱུག་སེམས་ཅན་ཤི་སྐྱོན་བྱུང་བའི་གནས་སྟངས་དངོས་སུ་ཝི་དྲོ་བརྙན་པར་རྒྱབ་པ་ཞིག་འགྲེམས་སྤེལ་བྱས་པའི་རྐྱེན་གྱིས་ས་གནས་ཉེན་རྟོག་པས་འབྲོག་པ་ཞིག་འཛིན་བཟུང་བྱས་ཡོད་འདུག ཡང་གནད་དོན་འདིའི་ཐོག་འཇར་མི་ནིའི་ནང་བཞུགས་མཁན་ནང་སོག་མི་རིགས་དོན་གཉེར་བ་Xi Haiming་ཞེས་པས། སྲིད་འཛིན་ཞི་ཅིང་པིང་གིས་། རྒྱ་ནག་རྒྱལ་ཁབ་འདི་བཞིན་ཁྲིམས་ཀྱི་ལམ་ལུགས་ཐོག་ནས་བསྐྱང་དགོས་ལུགས་བཤད་ཀྱི་ཡོད་པ་ལྟར། ཁྲིམས་རྩོད་པ་ཚོས་འབྲོག་པ་ཚོར་ཁྲིམས་ཐོག་ནས་ཞུ་གཏུགས་བྱེད་ཕྱོགས་ཐོག་སློབ་གསོ་སྤྲོད་རྒྱུའི་ཆེད་ས་ཁུལ་དེར་བསྐྱོད་བཞིན་ཡོད་རེད། འོན་ཀྱང་དེར་འགོག་རྐྱེན་བཟོ་གིན་ཡོད་རེད། དེ་འདྲ་ཡིན་དུས་རྒྱ་ནག་གུང་བྲན་གཞུང་ནས་ཁ་ནས་བཤད་པ་དང་དངོས་ཡོད་གནས་སྟངས་ཐོག་ལག་ལེན་འགེལ་སྟངས་མི་འདྲ་བ་ཞིག་ཆགས་ཀྱི་ཡོད་རེད་ཅེས་སྐྱོན་བརྗོད་བྱས་འདུག།
གསར་འགོད་པ་རིག་འཛིན་ཆོས་སྒྲོན།