བྱང་ཀོ་རི་ཡས་རྡུལ་ཕྲན་ལས་གཞི་མཚམས་འཇོག་བྱེད་མིན་སྐོར།
2009.06.23
༄༅༎བྱང་ཀོ་རི་ཡས་རྡུལ་ཕྲན་ལས་གཞི་མཚམས་འཇོག་བྱ་རྒྱུར་ལམ་གཅིག་རང་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་རྒྱབ་སྐྱོར་བྱེད་བཞིན་པ་མཚམས་འཇོག་བྱ་རྒྱུ་དེ་རེད་ཅེས་ལྷོ་ཀོ་རི་ཡའི་ཆེས་མཐོའི་དཔོན་རིགས་ཤིག་གིས་གསུངས་འདུག
མིང་འདོན་གནང་འདོད་མེད་པ་ལྷོ་ཀོ་རི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་དཔོན་རིགས་མཐོ་གྲས་དེས་རྣམ་ཀུན་དང་མི་འདྲ་བར་རྒྱ་ནག་ཐོག་ཐད་ཀར་གྱི་བཀའ་མོལ་འདི་གསུངས་སྐབས་ཁོང་གིས་བྱང་ཀོ་རི་ཡས་དམག་འཐབ་སྤེལ་རྒྱུའི་ཉེན་བརྡ་བཏང་པ་དང་གལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ནས་བྱང་ཀོ་རི་ཡ་རྒྱལ་ཁབ་དྲུག་གི་གྲོས་མོལ་ནང་ཕྱིར་འཁོར་ཐབས་སུ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཉེས་ཆད་བཀལ་བ་དེ་དག་གི་ཐོག་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོངས་སུ་རྫོགས་པ་བྱས་ཚེ་དོན་དག་གྲུབ་ཐུབ་པ་ཞིག་ཡོང་རྒྱུ་ཡིན་པ་གསུངས་འདུག
རྒྱ་ནག་ནི་ཕྱི་ལོ་༡༩༥༠ནས་༡༩༥༣བར་གྱི་ཀོ་རི་ཡའི་དམག་འཁྲུག་སྐབས་ནས་བྱང་ཀོ་རི་ཡར་རོགས་སྐྱོང་བྱེད་མཁན་གཙོ་བོ་དེ་ཡིན་ཞིང་རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡ་ནི་རྒྱ་ནག་ནང་ཨ་མི་རི་ཀའི་ཤུགས་རྐྱེན་འགོག་མཁན་གྱི་བར་མའི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།
ལྷོ་ཀི་རི་ཡའི་དཔོན་རིགས་དེས་རྒྱ་ནག་གི་ངོས་ནས་བྱང་ཀོ་རི་ཡའི་གནད་དོན་ཐད་ལྟ་སྟངས་འདི་ནི་གྲངས་དམག་སྐབས་ཀྱི་ལངས་ཕྱོགས་ཤིག་ནས་བལྟ་གི་ཡོད་སྟབས་ང་ཚོས་རྒྱ་ནག་གཞུང་ལ་བལྟ་སྟངས་དེར་ཕྲན་བུ་འགྱུར་བ་གཏོང་ཐབས་ཡོང་བའི་འབོད་སྐུལ་ཞུས་པ་ཞིག་ལས་རྒྱ་ནག་མཐར་བཀག་གཏོང་ཐབས་བྱེད་ཀྱི་མེད་ཅེས་གསུངས་འདུག
ད་དུང་ཁོང་གིས་རྡུལ་ཕྲན་མཚོན་ཆ་མེད་པའི་བྱང་ཀོ་རི་ཡ་ཞིག་དང་ལྷོ་བྱང་གི་དབྱེ་མཚམས་མེད་པའི་ཀོ་རི་ཡ་ཞིག་འབྱུང་ཚེ་དེས་རྒྱ་ནག་རྒྱལ་ཁབ་ཐོག་ཁེ་ཕན་ཡོད་པ་ཞིག་ཡོང་རྒྱུ་ཡིན་པ་གསུངས་འདུག།