རྒྱ་ནག་གིས་གནས་ཚུལ་ཕྱི་གསལ་ནང་གསལ་བྱས་ཡོད་ལུགས།
2008.12.30
༄༅༎རྒྱ་ནག་ཕྱོགས་ནས་གནས་ཚུལ་ཕྱི་གསལ་ནང་གསལ་དང་ཁ་གསལ་ཕྱི་ཕྱོགས་སུ་གསལ་བསྒྲགས་བྱེད་པའི་ལས་དོན་ཡར་རྒྱས་ཕྱིན་ཡོད་པ་དང་ལྷག་པར་དུ་ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་བའི་སྐབས་ས་ཡོམ་གྱི་དོན་རྐྱེན་ཁ་གསལ་གསལ་བསྒྲགས་བྱས་པའི་གནས་སྟངས་ཀྱི་ཐོག་ནས་རྒྱ་ནག་ནི་ད་ཆ་གནས་ཚུལ་ཁ་གསལ་ཕྱི་ཕྱོགས་སུ་གསལ་བསྒྲགས་བྱེད་པའི་ལས་དོན་ཤུགས་ཆེ་རུ་ཕྱིན་ཡོད་པར་ངོས་འཛིན་གྱིས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།
དེ་རིང་རྒྱ་ནག་གི་བློན་ཆེན་ལྷན་ཁང་གི་དྲིལ་བསྒྲགས་ཚན་པའི་དཔོན་རིགས་ལྦང་ཁྲེན་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ལ་ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ཁུལ་དུ་ས་ཡོམ་གྱི་གོད་ཆགས་ཚབས་ཆེ་བྱུང་མ་ཐག་གསར་འགོད་པ་ཚོར་རང་འབྱུང་གི་གནོད་འཚེ་དེའི་སྐོར་གྱི་གནས་ཚུལ་རང་དབང་གིས་གཏོང་སྤེལ་བྱེད་དུ་བཅུག་པ་དེར་རྒྱ་ནག་ཕྱོགས་ལ་འཛམ་གླིང་ཕྱོགས་ཡོངས་ནས་གདུང་སེམས་མཉམ་བསྐྱེད་དང་ལས་དོན་གྱི་ཡར་རྒྱས་ལ་བསྔགས་བརྗོད་ཐོབ་ཡོད་པའི་སྐོར་བཤད་ཡོད་པ་རེད། ཡིན་ནའང་ཟི་ཁྲོན་གྱི་ས་ཡོམ་གྱི་གནོད་འཚེ་དེའི་འོག་སློབ་གྲྭ་མང་པོ་ཞིག་ལོག་ཏེ་ཕྲུ་གུ་མང་པོ་རྐྱེན་ལམ་དུ་ཕྱིན་པའི་ཕ་མ་ཚོས་སློབ་གྲྭའི་འཛུགས་སྐྲུན་གྱི་རྨང་གཞི་ཡག་པོ་མེད་པ་བརྟེན་ནས་ཁང་པ་ལོག་ཏེ་ཕྲུ་གུ་རྐྱེན་ལམ་དུ་ཕྱིན་པའི་སྐྱོན་བརྗོད་ཀྱི་གནས་ཚུལ་ཐོན་པའི་རྗེས་རྒྱ་ནག་རྒྱལ་ནང་གི་གསར་འགྱུར་ལས་རིགས་ཐོག་གནས་ཚུལ་དེ་དག་གཏོང་སྤེལ་བྱ་རྒྱུར་དམ་བསྒྲགས་བྱས་པར་བརྟེན་རྒྱལ་ནང་གི་གསར་འགོད་པས་རྒྱ་ནག་གཞུང་གི་དམ་བསྒྲགས་ཀྱི་སྲིད་ཇུས་དེར་ངོ་རྒོལ་གྱི་མཐོ་རླབས་ཆེ་རུ་ཕྱིན་ཡོད་པ་རེད། གོང་གསལ་རྒྱ་ནག་གི་བློན་ཆེན་ལྷན་ཁང་གི་དྲིལ་བསྒྲགས་ཚན་པའི་དཔོན་རིགས་ལྦང་ཁྲེན་གྱིས་ཟི་ཁྲོན་ཁུལ་དུ་ས་ཡོམ་གྱི་དོན་རྐྱེན་བྱུང་མ་ཐག་གི་གནས་ཚུལ་དྲིལ་བསྒྲགས་བྱས་པ་དང་དེ་ཡང་དྲང་བདེན་གྱི་གནས་ཚུལ་དྲིལ་བསྒྲགས་བྱས་པ།དམིགས་བསལ་ཛ་དྲག་སྐབས་ཀྱི་གནས་སྟངས་དྲིལ་བསྒྲགས་བྱས་པ་རྣམས་ཕྱི་ལོ་༢༠༠༨ལོའི་ནང་གི་ཁོང་གི་དྲིལ་བསྒྲགས་ཚན་པས་བྱས་པའི་ལས་འགན་གཙོ་བོ་ཞིག་ཡིན་པ་དང་ད་དུང་ཡང་སྐབས་དེར་གནས་ཚུལ་ཁག་ཅིག་དུས་ཐོག་ཏུ་དྲིལ་བསྒྲགས་བྱེད་མི་ཐུབ་པའི་སྐྱོན་ཆའི་གཞི་ཡུལ་ཁག་ཅིག་ཡོད་པ་རྣམས་ཁོང་གི་ཚན་པས་སྔར་བས་གནས་ཚུལ་ཁ་གསལ་དང་ཕྱི་གསལ་ནང་གསལ་བཟོ་ཐབས་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།