བོད་ཀྱི་རྒྱ་མ་ཁུལ་དུ་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་སླར་ཡང་འགོ་འཛུགས་བྱ་རྒྱུ་ཡིན་པ།
2024.06.01
ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༧ ཉིན་གཏེར་ཁ་བསྔོག་འདོན་བྱེད་སར་ས་རྡིབ་ཤོར་ནས་མི་གྲངས་དྲུག་གར་སོང་ཆ་མེད་དུ་འགྱུར་བའི་གནས་ཚུལ་བྱུང་རྗེས། ཚོང་གཉེར་ཁང་དེས་རྒྱ་མ་ཁུལ་དེར་གཏེར་ཁ་བསྔོག་འདོན་གྱི་ལས་གཉེར་གནས་སྐབས་འཚམས་འཇོག་བྱེད་ཡོད་པ་རེད། ད་རེས་ཚོང་གཉེར་ལས་ཁང་དེས་རྒྱ་མ་ཁུལ་གྱི་གཏེར་ཁ་བསྔོག་འདོན་ལས་གཉེར་སླར་གསོ་བྱ་རྒྱུའི་སྐོར་ཕྱིར་བསྒྲགས་ཀྱི་གནས་ཚུལ་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་དང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁང་གིས་མོས་མཐུན་བྱས་པའི་འོག་རྒྱ་མ་ཁུལ་དུ་གཏེར་ཁ་བསྔོག་འདོན་གྱི་ལས་གཉེར་དུམ་ཚན་གཉིས་པ་དེ་ཕྱི་ཟླ་ ༡༢ ནང་འགོ་འཛུགས་བྱ་རྒྱུ་དང་། གཏེར་ཁའི་ལྗིད་ཚད་ཊོན་ཁྲི་གསུམ་ཙམ་བསྔོག་འདོན་བྱ་རྒྱུ་ཡིན་པའི་སྐོར་བཀོད་ཡོད་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ཆེད་ལས་ཉམས་ཞིབ་པ་དོན་གྲུབ་དབང་མོ་ལགས་ཀྱིས། ཕྱི་ལོ་ ༢༠༢༣ ཟླ་ ༥ པའི་ནང་རྒྱ་མ་ཁུལ་གྱི་གཏེར་ཁ་བསྔོག་འདོན་བྱེད་སར་ས་རྡིབ་ཀྱིས་མི་གྲངས་ཁ་ཤས་གར་སོང་ཆ་མེད་དུ་ཕྱིན་པའི་གནས་ཚུལ་བྱུང་བའི་སྐབས་འདི་གའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། རྒྱ་ནག་གི་ཙི་ཅིན་གཏེར་བསྔོག་བཟོ་གྲྭའི་ཁེ་ཕན་གྱི་བརྒྱ་ཆ་ལྔ་བཅུ་ཙམ་བོད་ནས་གཏེར་ཁ་བསྔོག་འདོན་བྱས་ཏེ་བཟོ་བཞིན་པ་དང་། གཏེར་ཁ་བསྔོག་འདོན་ཚོང་གཉེར་ཁང་དེས་བོད་ནང་གཏེར་ཁ་བསྔོག་འདོན་གྱི་ས་ཚིགས་མི་འདྲ་བ་གསུམ་བདག་བཟུང་བྱས་ཡོད་པའི་སྐོར་འགྲེལ་བརྗོད་བྱས་འདུག
དེ་བཞིན་བཙན་བྱོལ་དུ་གནས་སྡོད་མལ་གྲོ་གུང་དཀར་ནས་ཡིན་པ་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་སྐབས་དེར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁྱབ་ཁོངས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་ཕྱི་ལོ་ ༡༩༨༠ ཙམ་ནས་བརྟག་དཔྱད་ཀྱིས་གཏེར་ཁ་སྣ་ཚོགས་བརྙེད་སོན་བྱུང་སྟེ་རྒྱ་མ་ཤང་གི་ས་གནས་འདྲ་མིན་ནང་གསེར་ཟངས་ཀྱི་གཏེར་རྫས་བསྔོག་འདོན་བྱེད་འགོ་བརྩམས་ཡོད་པ་དང་། བོད་མི་མང་པོ་ས་གནས་དེ་ནས་བཙན་དབང་གིས་གནས་སྤོ་བྱ་དགོས་བཟོས་ཏེ་འཚོ་རྟེན་མེད་པར་བཟོས་པ་མ་ཟད། སྒོ་ཕྱུགས་སེམས་ཅན་མང་པོ་གཏེར་ཁའི་དུག་ཆུ་འཐུང་ནས་ཤི་རྐྱེན་བྱུང་པ་བཅས་ལ་བརྟེན། བོད་མི་མང་པོས་འུ་ཐུག་ནས་ངོ་རྒོལ་བྱས་འབྲས་བོད་མི་མི་ཉུང་བ་ཞིག་འཛིན་བཟུང་དང་ཁ་ཤས་ལ་ལོ་མང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་སོགས་བྱུང་ཡོད་པའི་ལོ་རྒྱུས་འགྲེལ་བརྗོད་གནང་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། མལ་གྲོ་གུང་དཀར་ཁུལ་གྱི་རྒྱ་མ་ཤང་ཙམ་མ་ཟད། རྒྱ་ནག་གཞུང་གིས་མལ་གྲོ་གུང་དཀར་གྱི་ས་གནས་གཞན་ཁག་ནས་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་སྤེལ་ཆེད་དེའི་རི་གྲོང་ཁུལ་དུ་གནས་སྡོད་ས་གནས་བོད་མི་ཕོན་ཆེ་གནས་སྤོའི་ལས་གཞི་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།