རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་བྱང་ཀོ་རི་ཡའི་ནང་འབྱོར་འདུག
2018.05.02

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ཡིས་བྱང་ཀོ་རི་ཡའི་ནང་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ་རེད།
དེ་ཡང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་བཀོད་པའི་ནང་བརྗོད་ན། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་འདི་ཚེས་༢་རེས་གཟའ་ལྷག་པའི་ཉིན། བྱང་ཀོ་རི་ཡའི་རྒྱལ་ས་ཕེན་ཡོང་དུ་འབྱོར་ནས་སྤྱི་ཚེས་༢་ནས་༣བར་གྱི་ཡུལ་དེའི་ནང་གཟིགས་སྐོར་འགོ་བཙུགས་ཡོད་པ་དང་། འདི་ནི་ལོ་འདི་འགའི་རིང་རྒྱ་ནག་གི་གནས་རིམ་མཐོ་ཤོས་ཀྱི་ཕྱི་སྲིད་དཔོན་རིགས་ཤིག་བྱང་ཀོ་རི་ཡའི་ནང་ཕེབས་པ་དེ་ཡིན་ཞིང་། ཝང་ཡེ་ཕེན་ཡོང་གི་གནམ་ཐང་དུ་སླེབས་མ་ཐག་བྱང་ཀོ་རེ་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་རོས་ཁེལ་སུང་(Ri Kil Song)དང་དཔོན་རིགས་གཞན་དག་ནས་ཕེབས་བསུ་བྱས་ཡོད་ལ། དེ་བཞིན་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་རོས་ཡོང་ཧོ(Ri Yong Ho)དང་ཐུག་འཕྲད་བྱས་ཡོད་པ་རེད།
ཟླ་བ་སྔོན་མར་བྱང་ཀོ་རི་ཡའི་དབུ་ཁྲིད་ཀེམ་ཇོང་ཨོང་གིས་རྒྱ་ནག་ནང་གསང་བའི་གཟིགས་སྐོར་གྱིས་པེ་ཅིན་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་དང་ཐུག་འཕྲད་དུས་སུ། ཡུལ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་རྣམ་གཉིས་ཀྱང་ཐུག་འཕྲད་བྱས་ཡོད་པ་རེད། གནད་དོན་དབྱེ་ཞིབ་པས་བརྗོད་ན། ད་ཐེངས་བྱང་ཀོ་རི་ཡའི་གནས་སྟངས་ལ་གློ་བུར་དུ་འགྱུར་བ་ཐེབས་ཏེ་། ལྷོ་བྱང་ཀོ་རི་ཡའི་དབུ་ཁྲིད་རྣམ་གཉིས་ལོ་རྒྱུས་རང་བཞིན་ལྡན་པའི་ཐུག་འཕྲད་གནང་ཡོད་པ་མ་ཟད། མི་འགྱངས་བར་བྱང་ཀོ་རི་ཡ་དང་ཨ་རིའི་དབུ་ཁྲིད་བར་ཐུག་འཕྲད་གནང་འཆར་ཡོད་པ་ལྟར། ཨ་རི་དང་བྱང་ཀོ་རི་ཡའི་ཛ་དྲག་གི་འབྲེལ་ལམ་དེ་ཞི་འཇམ་དུ་འགྲོ་སྲིད་པའི་གནས་སྟངས་ཤིག་ཡོང་བཞིན་པའི་སྐབས་འདིར། རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཝང་ཡེ་ནས་བྱང་ཀོ་རེ་ཡའི་ནང་གཟིགས་སྐོར་བྱས་ཏེ། རྒྱ་ནག་གིས་རང་ཉིད་ཀོ་རེ་ཡ་ཕྱེད་གླིང་གི་གྲོས་མོལ་ལས་དོན་ནང་མཉམ་ཞུགས་བྱེད་པ་ལས་ཟུར་འཕུད་བྱེད་པར་སེམས་ཁྲལ་བྱེད་བཞིན་ཡོད་པ་རེད་ཟེར།
གསར་འགོད་པ་ལྕགས་མོ་འཚོ།