རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ཡི་སྐོར།

རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ལིའུ་ཤའོ་ཕུའུ་བསྐྱར་ཏུ་རྒྱ་ནག་གཞུང་གིས་བཙོན་འཇུག་གི་དུས་རྒྱུན་རིང་དུ་བཏང་ཡོད་པའི་སྐོར།

2009.06.09

༄༅༎རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་དམངས་གཙོ་དོན་གཉེར་ཅན་དང་ལྷག་པར་དུ་རྒྱ་ནག་དམངས་གཙོའི་ཕྱོགས་སུ་བཅོས་བསྒྱུར་གཏོང་རྒྱུར་དམིགས་པའི་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆ་ཟེར་བ་རྩོམ་བྲིས་གནང་མཁན་ལིའུ་ཤའོ་ཕུའུ་བསྐྱར་ཏུ་རྒྱ་ནག་གཞུང་གིས་བཙོན་འཇུག་གི་དུས་རྒྱུན་རིང་དུ་བཏང་ཡོད་པའི་སྐོར་དེ་རིང་ཁོང་གི་ཁྲིམས་རྩོད་པས་གསུངས་ཡོད་པ་རེད།

དགུང་གྲངས་ལྔ་བཅུ་ང་གསུམ་ཡིན་པའི་ལིའུ་ཤའོ་ཕུའུ་ཡིས་ན་ནིང་རྒྱ་ནག་ནང་འདོན་སྤེལ་བྱས་པའི་རྒྱ་ནག་དམངས་གཙོ་ཅན་དུ་བསྒྱུར་དགོས་པ་དང་ཁྲིམས་ལུགས་དབང་འཛིན་གྱི་སྲིད་དབང་ལམ་ལུགས་ལག་བསྟར་བྱ་དགོས་པའི་སྐོར་གྱི་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྩ་འཛིན་ཡིག་ཆའི་ཐོག་ཁོང་གཙོས་པའི་ལས་རིགས་རྣམ་གྲངས་མི་འདྲ་བར་ཞུགས་མཁན་གྱི་རྒྱ་མི་རིགས་གསུམ་བརྒྱ་ལྷག་གིས་ས་ཡིག་བཀོད་པའི་རྗེས་ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ཁོང་ཁྱིམ་ཚང་ནས་ཉེན་རྟོག་པས་འཛིན་བཟུང་བྱས་པ་མ་ཟད་རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་པ་ནས་བཟུང་ད་བར་འཛིན་བཟུང་དོ་དམ་བྱ་དགོས་པའི་རྒྱུ་མཚན་ཇི་ཡིན་ནག་ཉེས་གང་ཡང་མ་བསྐྱལ་བར་མུ་མཐུད་དོ་དམ་བྱེད་བཞིན་ཡོད་པ་བརྟེན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ལིའུ་ཤའོ་ཕུའུ་གློད་འགྲོལ་ཡོང་ཐབས་དང་ཁོང་འཛིན་བཟུང་དོ་དམ་བྱ་དགོས་པའི་རྒྱུ་མཚན་ཇི་ཡིན་སྤྱི་ཚོགས་ཐོག་ཕྱི་གསལ་ནང་གསལ་གྱི་ནག་ཉེས་གསལ་བསྒྲགས་བྱ་དགོས་པའི་སྐོར་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་ཀྱང་ད་ཆ་རྒྱ་ནག་གཞུང་གིས་ཁོང་གི་དོ་དམ་བཀག་ཉར་གྱི་དུས་ཚོད་རིང་དུ་བཏང་ཡོད་པ་རེད། ལིའུ་ཤའོ་ཕུའུ་ཡི་གྲོགས་པོ་ཚོས་གསུངས་ན་ཁོང་རྒྱ་ནག་གཞུང་གིས་བཙོན་ཁང་དང་ཉེན་རྟོག་ལས་ཁང་དུ་མ་ཡིན་པར་སྡོད་གནས་ཞིག་ཏུ་གཞུང་འབྲེལ་གྱིས་དོ་དམ་བཀག་ཉར་བྱས་ཡོད་པ་དང་དེ་ཡང་ཁོང་གི་ཁྱིམ་ཚང་དུ་མ་ཡིན་པར་རྒྱལ་ས་པེ་ཅིང་གི་ཉེ་འཁྲིས་ཀྱི་མགྲོན་ཁང་ཞིག་ནང་ཉེན་རྟོག་པའི་དོ་དམ་འོག་གནས་བཞིན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་རིང་ཁོང་གི་ཁྲིམས་རྩོད་པ་མོ་ཧྲའོ་ཕིང་གིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་ཉེན་རྟོག་པ་ལིའུ་ཤའོ་ཕོའོ་ཡི་བཟའ་ཟླའི་ཁྱིམ་ཚང་དུ་བསྐྱོད་དེ་ལིའུ་ཤའོ་ཕོའོ་མུ་མཐུད་སྡོད་གནས་ནས་རང་དབང་གི་འགྲོ་བསྐྱོད་མི་ཆོག་པར་དོ་དམ་འོག་མུ་མཐུད་གནས་རྒྱུ་ཡིན་པ་དང་ཞིབ་འཇུག་མུ་མཐུད་བྱ་དགོས་ཀྱི་ཡོད་པའི་སྐོར་བཤད་ཡོད་པ་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད་ད་དུང་ཁོང་གིས་གསུངས་ན་ལིའུ་ཤའོ་ཕུའུ་སྡོད་ཁང་ཞིག་ནང་བཟང་བཙོན་ལྟར་དོ་དམ་བཀག་ཉར་བྱེད་པའི་བྱ་སྤྱོད་དེ་ནི་རྒྱ་ནག་གི་ཁྲིམས་ལུགས་དང་སྒྲིག་སྲོལ་གྱིས་གཏན་འབེབས་བྱས་པ་ཞིག་མ་རེད་ཅེས་དང་གལ་ཏེ་རྒྱ་ནག་གཞུང་གིས་ཁོང་སྡོད་གནས་ཞིག་ཏུ་དོ་དམ་བཀག་ཉར་བྱེད་དགོས་པ་ཡིན་ཚེ་ངེས་པར་དུ་ཁོང་རང་ཉིད་ཀྱི་ཁྱིམ་ཚང་དུ་བྱེད་དགོས་པ་དང་དེ་ཡང་ཁོང་གི་ནང་མི་རྣམས་མཉམ་དུ་སྡོད་ཆོག་པ་མ་ཟད་ཁྲིམས་རྩོད་པ་རང་དབང་གིས་ཐུག་འཕྲད་བྱེད་དགོས་པའི་ཐོབ་ཐང་དགོས་ཀྱི་རེད་ཅེས་བཤད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎