རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱ་ནག་གིས་རྒྱབ་སྐྱོར་བྱ་འཆར།
2009.12.03
༄༅༎ཌེན་མཁ་ཡི་རྒྱལ་ས་ཀོ་པེན་ཧྭ་གྷན་ནང་རིང་མིན་ཚོགས་གཏན་འཁེལ་བའི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་སྐབས།རྒྱ་ནག་གིས་རྒྱ་གར་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་རྩིས་ཡོད་ལུགས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀྭང་གིས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག
རྒྱ་ནག་གིས་ཚོགས་ཆེན་གྱི་སྔ་རོལ་དུ་ཕྱི་ལོ་ཉིས་སྟོང་ཉི་ཤུ་ཙམ་ལ་མཁའ་རླུང་བཙོག་པ་བཟོ་རྒྱུ་བརྒྱ་ཆ་བཞི་བཅུ་ནས་བཞི་བཅུ་ཞེ་ལྔ་བར་ཉུང་དུ་གཏང་རྒྱུའི་ཁས་ལེན་བྱས་ཡོད་པ་རེད།འོན་ཀྱང་རྒྱ་གར་གྱིས་ད་ལྟའི་སྐབས་སུ་དེ་འདྲའི་རྒྱས་བཅད་ཀྱི་ཁས་ལེན་གང་ཡང་བྱས་མེད་པ་རེད།རྒྱ་ནག་གི་གོང་ཞུས་མགྲིན་ཚབ་པས་རྒྱ་ནག་གིས་རྒྱ་གར་གྱི་དངོས་ཡོད་གནས་ཚུལ་ངོས་འཛིན་གྱིས་ཁོར་ཡུག་གི་དཀའ་ངལ་སེལ་རྒྱུར་སྔོན་འགྲོའི་རྒྱས་བཅད་ཆ་རྐྱེན་མེད་པའི་ཐོག་ནས་རྒྱལ་ཁབ་སོ་སོའི་གནས་བབས་ལ་བསྟུན་ནས་ཐབས་ཤེས་གང་ཡོད་འཚོལ་རྒྱུར་འབད་བརྩོན་དགོས་ལུགས་འགྲེལ་བརྗོད་བྱས་འདུག་རྒྱ་གར་དང་རྒྱ་ནག་གཉིས་ཀས་འབྱོར་ལྡན་རྒྱལ་ཁབ་ཚོས་ཁོར་ཡུག་གྱི་དཀའ་ངལ་ལ་གདོང་ལེན་གནང་རྒྱུའི་འགན་ཁུར་ཆེ་བ་ལེན་དགོས་པའི་འདོད་ཚུལ་སྟོན་བཞིན་པ་རེད༎