རྒྱ་ནག་གཞུང་ནས་གནའ་རྫས་ཇི་ཡོད་ཐོ་འགོད་བྱེད་འཆར།
2009.10.19
༄༅༎རྒྱ་ནག་གཞུང་གིས་ཁྱད་ལས་མི་སྣ་འཛམ་གླིང་གི་གྲགས་ཅན་འགྲེམས་སྟོན་ཁང་དུ་ཆེད་གཏོང་གིས་དེ་སྔོན་རྒྱ་ནག་ནས་འཕྲོག་བཅོམ་བྱས་པའི་གནའ་བོའི་ཤུལ་ལུས་དངོས་རྫས་ཇི་ཡོད་ཐོ་བཀོད་བྱ་འཆར་ཡོད་ལུགས་རྒྱ་ནག་གཞུང་གིས་གསལ་བསྒྲགས་གནང་འདུག
ཨ་རི་དང་དབྱིན་ཡུལ་ ཕེ་རན་སི་ ཉི་འོང་བཅས་སུ་ཡོད་པའི་འགྲེམས་སྟོན་དང་དཔེ་མཛོད་ཁང་སྒེར་བདག་བཅས་སུ་ཞིབ་འཇུག་གཙོ་བོ་བྱ་འཆར་ཡོད་ཅིང་དེ་སྔོན་ཕྱི་ལོ་༡༨༦༠ལོར་དབྱིན་ཇི་དང་ཕེ་རན་སི་དམག་མིས་རྒྱ་ནག་ལ་དབང་བསྒྱུར་བྱེད་སྐབས་གཏོར་བཅོམ་དང་ཁང་ཁུངས་མེར་བསྲེགས་བཏང་བའི་ལོ་རྒྱུས་ནི་རྒྱ་ནག་གཞུང་གིས་ཕྱིའི་བཙན་འཛུལ་བས་ཁྱད་གསོད་ཆེ་ཤོས་ཀྱི་ལོ་རྒྱུས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གི་གནའ་བོའི་ཤུལ་ལུས་དངོས་རྫས་ཕྱིའི་བཙན་འཛུལ་བས་འཕྲོག་བཅོམ་ཇི་བྱས་རྒྱ་ནག་གཞུང་ལ་ཐོ་གཞུང་ངེས་བརྟན་མེད་ཀྱང་དངོས་རྫས་ས་ཡ་གཅིག་དང་ཕྱེད་ཙམ་རྒྱལ་ཁབ་བཞི་བཅུ་ཞེ་བདུན་གྱི་འགྲེམས་ཁང་ཉིས་སྟོང་ཙམ་ནང་ཡོད་ལུགས་རྒྱ་ནག་གཞུང་གིས་བརྗོད་ཀྱི་ཡོད་པ་རེད། ཡང་ཕྱི་ལོ་༡༨༤༠ནས་ཕྱི་ལོ་༡༩༤༩ལོར་གུང་གྲན་ཏང་གིས་རྒྱ་ནག་ཁྱོན་ཡོངས་ནང་དབང་བསྒྱུར་མ་བྱུང་བར་རྒྱ་ནག་གི་གནའ་བོའི་དངོས་རྫས་ས་ཡ་བཅུ་ལྷག་ཕྱིའི་རྒྱལ་ཁབ་ཁག་གི་འཕྲོག་བཅོམ་བྱས་ཡོད་ལུགས་རྒྱ་ནག་གཞུང་གིས་བརྗོད་ཀྱི་ཡོད་པ་མ་ཟད་རྒྱ་ནག་གི་གནའ་བོའི་དངོས་རྫས་ཕྱིའི་ཡུལ་ཁག་གང་ཞིག་ཏུ་རིན་གོང་སྤར་བསྡུར་གྱིས་ཚོང་བསྒྱུར་བྱས་པ་ཁག་ལ་རྒྱ་ནག་གཞུང་མང་གཉིས་ཀྱིས་དགག་པ་གང་ཐུབ་བརྒྱབ་ཡོད་པ་རེད། ཕྱི་ལོ་ཉིས་སྟོང་གཉིས་ལོར་རྒྱ་གཞུང་གིས་གཞུང་དངུལ་ཟུར་བཅད་གནང་སྟེ་རྒྱ་ནག་གི་གནའ་བོའི་ཤུལ་ལུས་དངོས་རྫས་ཚུར་ཉོ་སྒྲུབ་བྱ་ཐབས་བྱེད་བཞིན་པ་རེད། ཡང་ཕྱིའི་གཞུང་དང་ཚོགས་སྡེ་སྒེར་བཅས་ལ་རྒྱ་ནག་གི་གནའ་བོའི་དངོས་རྫས་ཡོད་རིགས་ཕྱིར་སློག་ཡོང་བའི་འབོད་སྐུལ་ཡང་གནང་ཡོད་པ་རེད།