ཐེ་དབན་མི་མང་ནས་རྒྱ་ནག་སྐུ་ཚབ་ལ་ངོ་རྒོལ་བྱས་པ།
2009.12.25
༄༅༎དེ་ཡང་རྒྱ་ནག་གི་སྐུ་ཚབ་ཆན་ཡུན་ལིན་རེས་གཟའ་ཟླ་བའི་ཉིན་ཐེ་ཝན་ནང་འཚམས་འདྲི་གཟིགས་བསྐོར་དུ་ཕེབས་པ་ནས་བཟུང་མུ་མཐུད་ནས་ཐེ་ཝན་མི་མང་བརྒྱ་ཕྲག་མང་པོས་ངོ་རྒོལ་བྱས་ཡོད་པ་དང་།ལྷག་པར་དུ་རེས་གཟའ་ལྷག་པའི་ཉིན་ཁོང་གི་བཞུགས་གནས་མགྲོན་ཁང་མདུན་དུ་ཤོག་བྗག་སྤར་བ་དང་ཉེན་རྟོག་མི་སྣར་ལག་འཛིང་བཏང་བ་སོགས་བྱས་ནས་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་བཅས་གང་ལྟར་ཁོང་ཉིན་གྲངས་ལྔ་ཙམ་བཞུགས་རྒྱུན་རིང་ཁོང་ལ་ངོ་རྒོལ་བྱེད་མཁན་རྒྱུན་ཆད་མེད་པ་བྱུང་ཡོད་པ་རེད།
ཡིན་ནའང་ད་རིང་རེས་གཟའ་པ་སངས་ཉིན་གཟིགས་སྐོར་མཇུག་བསྒྲིལ་བའི་སྐབས།ཁོང་གིས་ཐེ་ཝན་མི་མང་ས་ཡ་ཉི་ཤུ་རྩ་གསུམ་ནས་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ང་ཚོའི་འབྲེལ་བའི་འཕེལ་ཕྱོགས་རྒྱུན་མཐུད་ནས་གནས་ཐབས་ཡོང་བའི་རེ་བ་ཡོད་ཅེས་གསུངས་ཡོད་འདུག
ཐེ་ཝན་དང་རྒྱ་ནག་དབར་ད་རེས་སྐུ་ཚབ་ཕེབས་པའི་བརྒྱུད་རིམ་ནང་།གནད་དོན་གསུམ་ཙམ་ཐོག་གྲོས་མཐུན་བཞག་ཡོད་པ་ནི།ཟ་ཆའི་རིགས་རྟག་ཚོང་འབྲེལ་སྐབས་བརྟག་དཔྱད་བྱེད་ཕྱོགས་དང་།ཚོང་འབྲེལ་གྱི་སྤུས་ཚད་ཡར་རྒྱས་གཏོང་ཕྱོགས། དེ་བཞིན་ཉ་པ་ཚོའི་སྟངས་འཛིན་བྱེད་ཕྱོགས་བཅས་ཀྱི་ཐོག་ཡིན་པ་རེད།
ད་ལྟའི་ཐེ་ཝན་གྱི་སྲིད་འཛིན་མ་ཡིང་ཇུ་མཆོག་གཞུང་འཛིན་གནང་བ་ནས་བཟུང་རྒྱ་ནག་དང་འབྲེལ་བ་ཟབ་ཏུ་བཏང་ཡོད་རེད།ཡིན་ནའང་ཕྱོགས་འགལ་མང་གཙོ་ཚོགས་པས་ཐེ་ཝན་གྱི་རང་དབང་ལ་དོ་ཕོག་གཏོང་རྩིས་བྱེད་ཀྱི་ཡོད་པའི་ཉེས་བཙུགས་ཀྱིས།རྒྱ་ནག་གི་སྐུ་ཚབ་ཕེབས་པའི་སྐབས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།།