རྒྱ་ནག་གི་དཔོན་རིགས་ཤིག་ཐའེ་ལྦན་དུ་འཚམས་འདྲིར་ཕེབས་པ།
2008.11.03
༄༅༎རྒྱ་ནག་གི་ཐའེ་ལྦན་དང་གྲོས་མོལ་བྱེད་མཁན་གྱི་ལས་ཁང་རྒྱ་ནག་གྲོས་མོལ་ལྷན་ཁང་གི་འགན་འཛིན་གྲན་ཡུན་ལིང་གཟའ་ཟླ་བའི་ཉིན་ཐའེ་ལྦན་དུ་ཕྱོགས་གཉིས་དབར་དཔལ་འབྱོར་དང་ཚོང་དོན་ཆེད་གྲོས་མོལ་གནང་བར་ཕེབས་འབྱོར་བྱུང་ཡོད་པ་རེད།
རྒྱ་ནག་གྲོས་མོལ་ལྷན་ཁང་གི་འགན་འཛིན་གྲན་ཡུན་ལིང་ད་རེས་ཐའེ་ལྦན་ནང་དཔལ་འབྱོར་དང་ཚོང་དོན་སྐོར་ཐའེ་ལྦན་གྱི་འབྲེལ་ཡོད་དཔོན་རིགས་དང་གྲོས་མོལ་གནང་བར་ཕེབས་ཡས་དེ་ནི་༡༩༤༩ལོའི་རྗེས་རྒྱ་ནག་སྐམ་ས་ཆེན་པོའི་དཔན་རིགས་མཐོ་གྲས་ཐའེ་ལྦན་ནང་གཞུང་འབྲེལ་ཐོག་ནས་ཕེབས་པ་ཏོག་མ་དེ་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་གྲོས་མོལ་ལྷན་ཁང་གི་འགན་འཛིན་གྲན་ཡུན་ལིང་དུས་ཡུན་ཉིན་གྲངས་ལྔའི་རིང་ཐའེ་ལྦན་ནང་འཚམས་གཟིགས་གནང་རིང་ཐའེ་ལྦན་གྱི་རྒྱ་ནག་གི་འབྲེལ་མོལ་གནང་མཁན་གྱི་ཚོགས་པ་ཐའེ་ལྦན་ཐེབས་རྩ་ལྷན་ཁང་གི་འགན་འཛིན་ཅང་བིང་ཁུན་དང་ལྷན་དུ་ཕྱོགས་གཉིས་དབར་མཁའ་ཐོག་དང་མཚོ་ཐོག་སྐམ་ས་བཅས་ཕྱོགས་གསུམ་གྱི་ཐོག་ནས་ཕན་ཚུན་ཐད་ཀར་འབྲེལ་ལམ་འཛུགས་རྒྱུའི་གནད་དོན་ཐོག་གྲོས་མོལ་གནང་རྒྱུ་དང་འབྲེལ་དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་ཉམས་རྒུད་ཕྱིན་པ་དེས་ཐའེ་ལྦན་དང་རྒྱ་ནག་ཐོག་ཤུགས་རྐྱེན་ཆེ་ཆུང་ཡོད་མིན་དང་དེ་མིན་རྒྱ་ནག་གི་ཡུལ་བསྐོར་སྤྲོ་འཆམ་པ་ཐའེ་ལྦན་ནང་ཡུལ་བསྐོར་སྤྲོ་འཆམ་དུ་ཡོང་རྒྱུར་སྟབས་བདེ་སྐྲུན་ཐབས་སོགས་ཀྱི་གནད་དོན་ཐོག་དཔོན་རིགས་རྣམ་པ་གཉིས་དབར་གྲོས་མོལ་གནང་རྒྱུ་ཡིན་པ་རྒྱ་ནག་གྲོས་མོལ་ཚོགས་པའི་འགན་འཛིན་གྲན་ཡུལ་ལིང་ཐའེ་ལྦན་གནམ་ཐང་དུ་འབྱོར་བའི་སྐབས་ཐའེ་ལྦབ་ཕྱོགས་ནས་གནམ་ཐང་དུ་སྟབས་བདེའི་ཕེབས་བསུའི་མཛད་སྒོ་ཞིག་སྤེལ་བའི་སྐབས་འགྲེལ་བརྗོད་གནང་ཡོད་པ་རེད། ད་རེས་རྒྱ་ནག་གྲོས་མོལ་ལྷན་ཁང་གི་འགན་འཛིན་གྲན་ཡུན་ལིང་ཐའེ་ལྦན་ནང་ཕེབས་པའི་སྐབས་ཐའེ་ལྦན་ཕྱོགས་ནས་སྲུང་བྱའི་ལས་དོན་ཧ་ཅང་གི་དམ་པོ་འཛིན་གྱི་ཡོད་པ་དང་ཁོང་གནས་སྡོད་བྱེད་སའི་ཐའེ་ལྦན་གྱི་ཡོན་ཧྲན་ཞེས་པའི་མགྲོན་ཁང་ནང་ཕྱོགས་འགལ་དམངས་གཙོ་ཡར་རྒྱས་ཚོགས་པའི་ཚོགས་མི་ཁག་ཅིག་གིས་གྲན་ཡུན་ལིན་མགྲོན་ཁང་ནང་འབྱོར་མ་ཐག་མགྲོན་ཁང་གི་ཁང་པའི་སྒེའུ་ཁུང་ནས་ཐའེ་ལྦན་རང་བཙན་སོགས་ཀྱི་ཡིག་འབྲུ་འཁོད་པའི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་བྱས་ཡོད་པ་དང་ཡིན་ནའང་དུས་ཡུན་རིང་པོ་མ་ཕྱིན་པར་འཕྲེད་དར་ཕྱིར་བསྡུ་བྱས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་བཀག་སྡོམ་བྱས་ཡོད་པ་དང་མགྲོན་ཁང་གི་ཕྱི་ཕྱོགས་སུ་རྒྱ་ནག་གི་དཔོན་རིགས་འབྱོར་བའི་ཐའེ་ལྦན་ནང་གནས་སྡོད་བོད་མི་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་སྐད་འབོད་བྱས་པའི་སྐབས་ཉེན་རྟོག་པས་བཀག་སྡོམ་བྱས་ཡོད་འདུག