རྒྱ་ནག་གཞུང་གིས་སློབ་ཆེན་སློབ་མ་བསོད་ནམས་ལགས་བཀག་ཉར་བྱས་འདུག
2019.04.16
བོད་རིགས་ཞིབ་འཇུག་སློབ་མ་ཞིག་གིས་གཞུང་ཞབས་ཡིག་རྒྱུགས་དང་འབྲེལ་བའི་རྩོམ་ཡིག་སྤེལ་བར་བརྟེན་རྒྱ་ནག་གཞུང་གིས་བཀག་ཉར་བྱས་འདུག
དེ་ཡང་རྒྱ་ནག་གཞུང་ཕྱོགས་ནས་གཞུང་ཞབས་ཡིག་རྒྱུགས་ཀྱི་ས་མིག་ལོ་རེ་བཞིན་ཉུང་དུ་གཏོང་གི་ཡོད་པའི་སྐོར་རྒྱ་ནག་གི་ལན་ཀྲོའུ་གྲོང་ཁྱེར་ནང་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་བསོད་ནམས་ལགས་ཀྱིས་རྒྱ་ཡིག་ཐོག་རྩོམ་ཡིག་སྤེལ་བར་བརྟེན། སྤྱི་ཟླ་༤ པའི་ཚེས་ཤར་ལ་རྒྱ་ནག་གཞུང་གི་བོད་ལྗོངས་སློབ་གསོ་ཅུས་ཟེར་བས་སློབ་མ་བསོད་ནམས་ལགས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་བཙན་ཁྲིད་བྱས་ཏེ་བཀག་ཉར་བྱས་ཡོད་པ་བོད་ནང་གནས་སྡོད་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།
ད་བར་རྒྱ་ནག་གཞུང་གིས་བོད་ནང་ལས་ཀའི་གོ་སྐབས་མང་པོ་སྐྲུན་བཞིན་་ཡོད་ལུགས་བརྗོད་བཞིན་ཡོད་ན་ཡང་། སྤྱི་ལོ་༢༠༡༩ ལོར་རྒྱ་ནག་གཞུང་གི་བོད་རང་ལྗོངས་ཟེར་བའི་ནང་གཞུང་ཞབས་ཡིག་རྒྱུགས་གཏོང་མཁན་སློབ་ཐོན་པ་ཁྲི་བདུན་ཙམ་ཡོད་པའི་ནང་སློབ་མ་༢༡༠ཙམ་ལས་འདེམས་སྒྲུག་བྱས་མེད་པ་རེད།
ད་དུང་སློབ་མ་བསོད་ནམས་ལགས་ཀྱི་གཞུང་ཞབས་ཡིག་རྒྱུགས་དང་འབྲེལ་བའི་རྩོམ་ཡིག་དེ་སྐད་འཕྲིན་ལ་སོགས་པའི་སྤྱི་ཚོགས་བརྒྱུད་ལམ་ཁག་གི་ནང་འདོན་སྤེལ་བྱས་ཡོད་པ་མ་ཟད། སློབ་གྲྭ་ཆེན་མོ་དེའི་ནང་རྒྱ་གར་ལ་འབྲེལ་བ་ཡོད་པའི་སློབ་མ་ཚོར་རྒྱ་ནག་གཞུང་གིས་དམིགས་བསལ་གྱི་ལྟ་སྲུང་བྱེད་ཀྱི་ཡོད་པའི་སྐོར་བོད་ནང་གནས་སྡོད་བོད་མི་ཞིག་གི་གནས་ཚུལ་ངོ་སྤྲོད་གནང་བྱུང་།
བོད་ནང་སློབ་གྲྭ་ཆེན་མོ་ཐོན་ཟིན་པའི་གཞོན་ནུ་ཚོར་ལས་ཀ་མ་རག་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། འདས་༢༠༡༨ལོར་བོད་རིགས་སློབ་གྲྭ་ཆེན་མོ་ཐོན་མཁན་སློབ་མ་མང་ཆེ་བར་གཞུང་གི་ལས་ཀ་རག་མེད་པ་བོད་ནས་བོད་མི་ཁག་གཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་པ་རེད།