རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་དམས་ཞུས་འདུག
2008.06.21
༄༅༎རེས་གཟའ་སྤེན་པའི་ཉིན་པེ་ཅིང་ཨོ་ལིམ་པིག་གི་དཔལ་འབར་བོད་ཀྱི་རྒྱལ་ས་ལྷ་སར་སྲུང་སྐྱོབ་ཧ་ཅང་དམ་པོའི་འོག་བསྐོར་བསྐྱོད་བྱས་པའི་སྐབས་དེ་ བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགོ་འཁྲིད་ཚོས་བོད་ནང་དམ་བསྒྲགས་བྱེད་བཞིན་པར་དག་ཐེར་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་རྒྱུར་བེད་སྤྱོད་བྱས་ཡོད་པ་རེད་
བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་རིང་ཨོ་ལིམ་པིག་གི་དཔལ་འབར་འཁྱེར་རྒྱུ་འདི་ནི་ འདི་ལོ་ཕྱི་ཟླ་གསུམ་པའི་ནང་ བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་དུས་ཟིང་གི་གནད་དོན་ཚབས་ཆེ་བྱུང་སྟེ་ཟླ་བ་གསུམ་ལྷག་ཙམ་སོང་བའི་རྗེས་བྱུང་བ་དང་ བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ བོད་ནང་ཛ་དྲག་གི་གནས་ཚུལ་ཚབས་ཆེ་ཡོད་མུས་ཐོག་ རྒྱ་ནག་གཞུང་ཕྱོགས་ནས་དཔལ་འབར་བོད་ནང་འཁྱེར་རྒྱུའི་ཐག་གཅོད་བྱས་པ་དེ་ནི་ ཆེད་མངགས་བོད་མི་ཚོར་འཁོན་འཛིན་སླངས་པའི་བྱ་སྤྱོད་ཅིག་ཡིན་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
གཟའ་སྤེན་པའི་ཉིན་ཆུ་ཚོད་གཉིས་ལྷག་ཙམ་རིང་གི་དཔལ་འབར་བསྐོར་བསྐྱོད་བྱ་རིམ་མཇུག་བསྒྲིལ་བའི་སྐབས་ བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ ཀྲང་ཅིང་ལིས་ བོད་ཀྱི་གནམ་འདི་ནམ་ཡང་འགྱུར་ལྡོག་འགྲོ་རྒྱུ་མིན་པ་དང་ སྐར་མ་ལྔ་ཅན་གྱི་དར་ཆ་དམར་པོ་དེ་གནམ་གུང་དེའི་ཐོག་དུས་རྟག་ཏུ་ཐོན་པོར་འཕྱར་གྱི་རེད་ཅེས་དང་ ད་དུང་ཀྲང་ཅིང་ལིས་ ང་ཚོས་ཏཱ་ལའི་རུ་ཚོགས་ཀི་ཁ་བྲལ་གྱི་ལྐོག་བྱུས་ཁག་ངེས་པར་དུ་རྩ་མེད་གཏོང་ཐུབ་ཀྱི་རེད་ཅེས་བརྗོད་ཡོད་པ་རེད་
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ རྒྱ་ནག་ཏུ་ཨོ་ལིམ་པིག་ཚུགས་རྒྱུ་དེ་ནི་ རྒྱ་ནག་མི་དམངས་ཐེར་འབུམ་གཅིག་ལྷག་གི་མངོན་འདོད་ཅིག་ཡིན་པ་བཀའ་གནང་སྟེ་ དེར་མཐའ་ཅིག་ཏུ་རྒྱབ་སྐྱོར་གནང་གི་ཡོད་ན་ཡང་ རྒྱ་ནག་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ པེ་ཅིང་དུ་ཚུགས་རྒྱུའི་ཨོ་ལིམ་པིག་ལ་དོ་ཕོག་གཏོང་ཐབས་གནང་བཞིན་ཡོད་པའི་སྐྱོན་བརྗོད་ཞུ་བཞིན་ཡོད་པ་རེད་
རྒྱ་ནག་གཞུང་འབྲེལ་ཤིང་ཧྭ་གསར་འགྱུར་ལས་ཁང་གིས་ ཨོ་ལིམ་པིག་གི་དཔལ་འབར་དེ་ལྷ་ས་གྲོང་ཁྱེར་གྱི་ནང་ ཞི་བདེ་དང་སྤྲོ་སྐྱིད་ལྡན་པའི་ཁོར་ཡུག་ཅིག་གི་འོག་ནས་བསྐོར་བསྐྱོད་བྱས་ཡོད་པ་བརྗོད་ཡོད་ན་ཡང་ རྒྱལ་སྤྱིའི་གསར་འགོད་པ་ཚོས་ གཟའ་སྤེན་པའི་ཉིན་ལྷ་ས་གྲོང་ཁྱེར་ནང་གི་ཚོར་བ་དེ་དམག་མི་ཧ་ཅང་མང་པོ་འགྲེམས་འཇོག་བྱས་ཏེ་ཆེས་ཛ་དྲག་ཅན་ཞིག་གི་འོག་གནས་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་དང་ དཔལ་འབར་བསྐོར་བསྐྱོད་བྱས་རིང་གྲོང་ཁྱེར་སྤྱི་དང་ལྷག་པར་དུ་བར་བསྐོར་ནང་གི་ཚོང་ཁང་ཡོངས་རྫོགས་སྒོ་བརྒྱབ་བཅུག་ཡོད་པར་མ་ཟད་ དཔལ་འབར་བསྐོར་བསྐྱོད་ཀྱི་བྱ་རིམ་ཐོག་འགྲོ་མཁན་ཚོ་གཞུང་ཕྱོགས་ནས་དམིགས་བསལ་འདེམས་སྒྲུག་བྱས་པའི་མི་ཤ་སྟག་ཡིན་འདུག།