བོད་རིཌ་དགེ་འདུན་པ་བཀྲ་པེ་ཐོག་མེ་མདའ་རྒྱབ་མེད་ལུཌ་བཤད།
2009.03.02
༄༅༎ཨ་མདོ་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་པེ་ཐོག་རྒྱ་ནག་གི་ཉེན་རྟོག་དམག་མིས་མེ་མདའ་རྒྱབ་མེད་པའི་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་ནག་གི་གྲོང་ཁྱེར་ཤང་ཧེ་ནས་ཨེ་ཨེཕ་པི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་ཨ་མདོ་ཀིརྟི་དགོན་པའི་དགེ་འདུན་བཀྲ་པེ་གིས་ངོ་རྒོལ་གྱི་ཚུལ་དུ་སོ་སོའི་ལུས་མེར་བསྲེགས་བྱས་པའི་སྐབས་རྒྱ་ནག་གི་ཉེན་རྟོག་དམག་མིས་མེ་མདའ་རྒྱབ་མེད་པ་དང་ཁོང་ད་ལྟ་ས་གནས་ཀྱི་སྨན་ཁང་ནང་སྲོག་ལ་ཉེན་ཁ་མེད་པར་བཞུགས་ཡོད་པའི་འགྲེལ་བརྗོད་བྱས་འདུག
དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་བོད་རང་དབང་ལས་འགུལ་ཚོགས་པས་རེས་གཟའ་པ་སངས་ཉིན་གནས་ཚུལ་སྤེལ་བའི་ནང་ཨ་མདོ་ཀིརྟི་དགོན་པའི་དགེ་འདུན་པ་བཀྲ་པེ་གིས་རེས་གཟའ་པ་སངས་ཉིན་དགོན་པ་ནས་ཁྲོམ་གཞུང་དུ་ཡོང་སའི་ལམ་ཆེན་ནས་སྐད་འབོད་བྱེད་བཞིན་དུ་ཕེབས་པའི་སྐབས་ཁོང་གི་སོ་སོའི་ལུས་ལ་སྣུམ་གཏོར་ནས་མེ་སྤར་ནས་༸གོང་ས་མཆོག་གི་སྐུ་དཔར་ཡོད་པའི་བོད་ཀྱི་དར་ཞིག་བསྣམས་ཡོད་པ་དང་སྐབས་དེར་ཁོང་གི་གཡས་གཡོན་དུ་ཡོད་པའི་རྒྱ་ནག་གི་ཉེན་རྟོག་དམག་སུ་ཡིན་གསལ་པོ་ཤེས་མེད་ཀྱང་མེ་མདའ་གསུམ་རྒྱབ་པའི་རྗེས་སུ་སྣུམ་འཁོར་ནང་བཅུག་ནས་གར་སོང་ཆ་མེད་དུ་ཁྱེར་ཡོད་པ་རེད་འདུག འོན་ཀྱང་རྒྱ་ནག་གི་ཤིང་ཧ་ནང་བོད་རིགས་བཀྲིས་ཡང་བཀྲ་པེ་ཟེར་བའི་རང་ལོ་ཉི་ཤུ་རྩ་བཞི་ཡིན་པ་ཞིག་གིས་ཏཱ་ལའི་བླ་མའི་སྐུ་དཔར་དང་བོད་ཀྱི་རང་བཙན་གྱི་དར་ཁྱེར་ནས་སོ་སོ་མེར་བསྲེགས་གཏོང་ཐབས་བྱས་པའི་སྐབས་ཉེན་རྟོག་དམག་མིས་མེ་ལམ་སེང་བསད་ནས་སྨན་ཁང་ནང་དུ་བཏང་ཡོད་པའི་འགྲེལ་བརྗོད་བྱས་འདུག འདས་པའི་ལོ་རྒྱུས་ནང་དུ་བོད་མི་ངོ་རྒོལ་བའི་ཐོག་མེ་མདའ་རྒྱབ་ནས་ཤི་སྐྱོན་བྱུང་བའི་སྐབས་སུ་ཡང་རྒྱ་ནག་གི་ངོས་ལེན་མ་གནང་བའི་གནས་ཚུལ་བྱུང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།