རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་མེད།
2013.06.29
༄༅༎ཉེ་ཆར་བོད་རང་སྐྱོང་ལྗོངས་དང་ཡང་བོད་རང་སྐྱོང་ལྗོངས་ཕྱི་རོལ་གྱི་བོད་ཀྱི་ས་ཁུལ་འགའ་ཤས་ཀྱི་དགོན་སྡེ་ཁག་གི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་པར་སྒྲིག་གཤོམ་མི་ཆོག་པའི་དམ་བསྒྲགས་ཕྱིར་བསྡུ་བྱས་ཡོད་ལུགས་ཀྱི་གནས་ཚུལ་ཐོན་ཡོད་ཀྱང༌། ཟླ་འདིའི་ཚེས་ ༢༨ ཉིན་སྦི་སྦི་སི་གསར་ལས་ཁང་གིས་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་ལྷན་ཁང་གིས་བརྗོད་པ་ཞིག་ལུང་འདྲེན་བྱས་འདུག་པ་དེའི་ནང་། རྒྱ་ནག་གཞུང་ཕྱོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐོག་བཟུང་བའི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་པར་གནས་མུས་ཡིན་པ་བཀོད་ཡོད་པ་རེད།
ཡང་དེ་རིང་སླར་ཡང་གཟའ་སྤེན་པ་སྟེ་ཕྱི་ཟླ་ ༦ ཚེས་ ༢༩ ཉིན། རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་ལྷན་ཁང་གིས་ཕྷརནསི་གསར་ལས་ཁང་ལ་མགྱོགས་འཕྲིན་བརྒྱུད་བཏང་བའི་གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གི་སྲིད་བྱུས་ལ་འགྱུར་བ་གང་ཡང་ཕྱིན་མེད་ལུགས་བརྗོད་པ་དང་དུས་མཚུངས། ཏཱ་ལའི་བླ་མས་གལ་ཏེ་རྒྱ་ནག་གཞུང་དང་འབྲེལ་ལམ་བཟང་དུ་གཏོང་ཐབས་ཀྱི་འདུན་པ་ཡོད་ཚེ། ཁོང་གིས་སྤེལ་བའི་ཁ་བྲལ་གྱི་ལས་དོན་མཚམས་འཇོག་དགོས་པ་དང་། བོད་ཀྱི་འཕེལ་རྒྱས་འཛུགས་བསྐྲུན་ལ་གནོད་པའི་རང་བཞིན་ཅན་གྱི་གཏམ་བཤད་བྱ་རྒྱུ་མཚམས་འཇོག་དགོས་ཀྱི་རེད་ཅེས་འཁོད་ཡོད་པ་པེ་ཅིང་ནས་ཕྷརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།