རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་ཐོར་དགག་ལན།
2011.01.13
༄༅༎རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་ཞིག་གིས་རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་མུ་མཐུད་གཏོང་བཞིན་པའི་སྐྱོན་བརྗོད་ཀྱི་སྙན་ཐོ་འདོན་སྤེལ་བྱས་པའི་རྗེས་ དེ་རིང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་ བརྩི་བཀུར་ཆེན་པོ་ཞུ་ཡི་ཡོད་སྐོར་དགག་ལན་གྱི་གཏམ་བཤད་སྤེལ་ཡོད་པ་རེད་༎
རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་Human Rights Watchའམ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐོར་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་རེད་ སྙན་ཐོ་དེའི་ནང་༢༠༠༩ལོར་རྒྱ་ནག་གཞུང་གིས་རྒྱལ་ཡོངས་འགྲོ་བ་མིའི་ཐོབ་ཐང་གི་ལས་འཆར་ཞེས་རྒྱ་ནག་ནང་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་དང་ དེ་བཞིན་གྲངས་ཉུང་མི་རིགས་ཀྱི་ཐོང་ཐང་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ དོན་དངོས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་གཞི་ལག་ལེན་འཁེལ་རྒྱུའི་ཚབ་ཏུ་ དེ་ལས་ལྡོག་ཏེ་ད་དུང་རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་བོད་དང་ཡུ་གོར་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནང་ གཞུང་ཕྱོགས་དང་ལྟ་བ་ཐ་དད་འཛིན་པའི་མི་སྣ་གར་སོང་ཆ་མེད་དུ་འགྱུར་བ་དང་ ཁྲིམས་ཐོག་ནས་ནག་ཉེས་ཁ་གསལ་མེད་པར་དོ་དམ་བཀག་ཉར་བྱས་པ་ གཞན་ཡང་རྒྱ་ནག་སྤྱི་ཡོངས་ཐོག་དྲ་རྒྱའི་རང་དབང་ལ་དམ་བསྒྲགས་ཆེ་རུ་སོང་བ་སོགས་རྒྱ་ནག་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བསྟུད་མར་བྱས་པའི་སྐྱོན་བརྗོད་གསལ་འདོན་བྱས་ཡོད་པ་རེད་ གོང་གསལ་གྱི་སྙན་ཐོ་དེའི་ཐོག་༢༠༡༠ལོར་རྒྱ་ནག་རྒྱལ་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཏུ་སོང་བའི་དཔང་རྟགས་ཀྱི་གནས་ལུགས་ནང་རྒྱ་རིགས་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་ཅན་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་གནད་དོན་ཐད་རྒྱ་ནག་གཞུང་གིས་ཁོང་ཁྲོའི་རྣམ་འགྱུར་ཙམ་མ་ཟད་ གནད་དོན་དེར་རྐྱེན་པས་གཞུང་ཕྱོགས་དང་ལྟ་སྤྱོད་མི་མཐུན་པའི་དམངས་གཙོ་དོན་གཉེར་བ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་གླེང་པའི་ཐོག་དྲག་གནོན་ཇེ་ཤུགས་ཆེ་རུ་སོང་བའི་གནས་ལུགས་ལུང་འདྲེན་བྱས་ཡོད་པ་རེད་ རེས་གཟའ་ལྷག་པའི་ཉིན་ ཕེརན་སི་གསར་ལས་ཁང་ནས་གོང་གསལ་གྱི་སྙན་ཐོའི་དེའི་སྐོར་རྒྱ་ནག་གཞུང་གིས་ཚུར་སྣང་ལན་འཆར་འདྲི་རྩད་བྱས་པར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེ་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་ནས་གལ་འགངས་ཆེན་པོར་ངོས་འཛིན་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཆ་ནས་རྒྱ་ནག་ཁྱོན་ཡོངས་སུ་ཡར་རྒྱས་ཆེན་པོ་སོང་པ་དེ་ཚང་མས་ངོས་ལེན་བྱེད་ཀྱི་ཡོད་ལུགས་ལན་འདེབས་བྱས་ཡོད་པ་རེད་༎