རྒྱ་ནག་གིས་གསང་གནས་སྤྲོད་མཁན་ཚོར་དངུལ་འབོར་ཆེན་གྱི་བྱ་དགའ་སྤྲོད་རྒྱུ།
2017.12.21
༄༅། །རྒྱ་ནག་གི་དབང་འོག་ཏུ་ཡོད་པའི་ཤར་ཏུར་ཀི་སི་ཐན་ནང་ཞིང་ཆེན་སྲིད་གཞུང་གིས་ ས་གནས་ནང་འཇིགས་སྐུལ་དྲག་སྤྱོད་པ་རྩད་ཞིབ་ཀྱི་ལས་དོན་ནང་མང་ཚོགས་ཁྲོད་ནས་འཇིགས་སྐུལ་དྲག་སྤྱོད་རིང་ལུགས་དང་འབྲེལ་བའི་གསང་གནས་མཁོ་སྤྲོད་བྱས་ཚེ་ མ་དངུལ་འབོར་ཆེན་གྱི་བྱ་དགའ་སྤྲོད་རྒྱུའི་མ་དངུལ་དངུལ་རྩིས་ཟུར་བཅད་བྱས་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག
འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་ཤར་ཏུར་ཀི་སི་ཐན་གྱི་Hotan ས་ཁུལ་གྱི་ས་གནས་སྲིད་གཞུང་ནས་འཇིགས་སྐུལ་དྲག་རིང་ལུགས་ལ་འགག་ལན་གྱི་བྱ་དགའ་ཞེས་གྲོས་ཆོད་གཏན་འབེབས་བྱས་ཡོད་ཅིང་ གྲོས་ཆོད་དེའི་ནང་ ས་གནས་མང་ཚོགས་ཁྲོད་ནས་ འཇིགས་སྐུལ་ཤོག་ཁག་ཚོའི་དྲག་ལས་སྤེལ་རྒྱུའི་ལས་དོན་གྱི་གསང་གནས་མཁོ་སྤྲོད་བྱས་པ་དང་ཡང་ན་དྲག་སྤྱོད་པར་ཕར་རྒོལ་གྱི་ཁ་གཏད་བཅོག་པའི་གནས་ཚུལ་རིགས་ལ་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་ཆེད་མ་གནས་ཨ་སྒོར་ས་ཡ་༡༥ལྷག་སྔོན་རྩིས་ནང་མ་དངུལ་ཟུར་བཅད་བྱས་ཡོད་ལུགས་ Hotan ཉིན་རེའི་གསར་ཤོག་གི་གནས་ཚུལ་ལུང་འདྲེན་བྱས་འདུག་ལ། དེ་བཞིན་Hotan ས་གནས་གཞུང་ནས་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་གནས་ཚུལ་འདི་སྲིད་གཞུང་གི་སྐད་འཕྲིན་ཐོག་ལའང་གསལ་བསྒྲགས་བྱས་ཡོད་འདུག འདི་ག་རླུང་འཕྲིན་ཁང་གི་ཡུ་གོར་སྡེ་ཚན་ལ་ས་གནས་ནས་འབྲེལ་ཡོད་ཞིག་གིས་ Hotan ས་གནས་གཞུང་གི་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུའི་གསལ་བསྒྲགས་ཡིག་ཆའི་ནང་དོན་འགྲེལ་བརྗོད་བྱས་པར་ལྟར་ན། འཇིགས་སྐུལ་ཤོག་ཁག་དང་ཡང་ན་འཇིགས་སྐུལ་དྲག་སྤྱོད་མི་སྣས་ས་གནས་ནང་གཞུང་གི་ལས་ཁུངས་དང་མང་ཚོགས་འདུ་འཛོམས་ཆེ་བའི་ས་གནས་ནང་གྲི་དང་འབར་རྗས་གཞན་ཡང་སྣུམ་འཁོར་བརྒྱུད་ཚུལ་རྒོལ་ལ་སོགས་པའི་གཏོར་བཤིག་གི་ལས་འགུལ་སྤེལ་འཆར་ཡོད་པའི་གསང་གནས་མཁོ་སྤྲོད་བྱས་ཚེ་ཨ་སྒོར་འབུམ་བཞི་ནས་འབུམ་བདུན་ལྷག་གི་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ་དང་ ཡང་འཇིགས་སྐུལ་དྲག་སྤྱོད་ཤོག་ཁག་རིགས་ལ་ཕྱི་ནང་གཉིས་ཕྱོགས་ནས་སྒེར་དང་ཚོགས་པ་སྒྲིག་འཛུགས་སོགས་ཀྱི་དཔལ་འབྱོར་གྱི་མཐུན་འགྱུར་སྤྲོད་པའི་གནས་ཚུལ་དང་། དེ་བཞིན་དྲག་སྤྱོད་མི་སྣས་ས་མཚམས་ཕན་ཚུན་དུ་འགྲུལ་སྐྱོད་བྱེད་པ་སོགས་ཀྱི་གསང་གནས་མཁོ་སྤྲོད་བྱ་མཁན་ལ་ཨ་སྒོར་གཅིག་འབུམ་ལྔ་ཁྲི་ནས་གསུམ་འབུམ་བར་མ་དངུལ་གྱི་བྱ་དགའ་ཐོབ་རྒྱུ་ཡིན་པ་འཁོད་ཡོད་འདུག༎
གསར་འགོད་པ་རིག་ལྡན་སྒྲོལ་མ།