རྒྱ་ནག་གཞུང་གིས་དབྱིན་ཇིའི་སྲིད་བློན་ལ་སྐྱོན་བརྗོད་བྱས་པ།
2008.05.24
༄༅༎དབྱིན་ཡུལ་གྱི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་བ་དེར་རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེ་ཞུས་འདུག
ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ ཆིན་ཀང་ ཡིས་དབྱིན་ཡུལ་གྱི་ཕྱོགས་ནས་ང་ཚོས་གསལ་སྟོན་བྱས་པའི་བློ་འཚབ་ཁག་ལ་ངོས་ལེན་གནང་མེད་སྐོར་བརྗོད་དེ། དབུ་ཁྲིད་རྣམ་གཉིས་བར་གྱི་མམཇལ་འཕྲད་དེ་བཞིན་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པར་ངོས་འཛིན་བྱས་ཀྱི་ཡོད་པ་དང་། རྒྱ་ནག་གིས་མཇལ་འཕྲད་དེར་འདོད་པ་རྩ་བ་ནས་མེད་པ་དང་། ངོ་རྒོལ་ཀྱང་མཐའ་ཅིག་ཏུ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་བྱས་བཞག
རེས་གཟའ་པ་སངས་ཉིན་དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་མཇལ་འཕྲད་གནང་སྐབས། ཉེ་ཆར་རྒྱ་ནག་གིས་༸གོང་ས་མཆོག་གི་སྐུ་ཚབ་ལྷན་གྲོས་མོལ་ཞུས་རྗེས་བོད་རྒྱ་གཉིས་བར་གྱི་འབྲེལ་ལམ་བསྐྱར་གསོ་བྱུང་བ་དེར་དབྱིན་ཡུལ་གྱིས་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད༎