འཇིགས་སྐུལ་བ་དང་ཁ་བྲལ་བ་༧༡༢ལ་ནག་ཉེས་ཁྲིམས་གཅོད་བྱས།
2015.03.12
རྒྱ་ནག་གཞུང་གིས་ཁྲིམས་གསར་གཏན་འབེབས་བྱས་ཚེ་བོད་དང་ཡུ་གུར་བའི་ཐོག་དམ་དྲག་ཆེ་རུ་འགྲོ་སྲིད་པ་ཡིན་འདུག
དེ་ཡང་རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་ནས་དེང་སྐབས་འཚོགས་བཞིན་པའི་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ཟེར་བར་སྙན་ཐོ་ཞིག་ཕུལ་བའི་ནང༌། ཕྱི་ལོ་༢༠༡༤ལོ་གཅིག་པུའི་ནང་རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་དང་། ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག མི་གྲངས་༧༡༢ལ་ནག་ཉེས་ཁྲིམས་གཅོད་བྱས་པ་ཡིན་ཞེས་བཤད་ཡོད་འདུག ཆེས་མཐོའི་ཁྲིམས་ཁང་གི་སྙན་ཐོ་དེ་བཞིན་འདི་ཚེས་༡༢ཉིན་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་ལ་ཕུལ་ཡོད་པ་དང༌། སྙན་ཐོ་དེའི་ནང་མུ་མཐུད་འགྲེལ་བརྗོད་བྱས་པའི་ནང༌། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཉར་ཚགས་བྱ་རྒྱུ་ནི་གནད་དོན་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་ལྟར། རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་རིགས་ཀྱི་མཐུན་འབྲེལ་ལ་ཉེན་ཁ་བཟོ་གཞིའི་འཇིགས་བསྐུལ་དྲག་སྤྱོད་དང་། ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཚོར་ཁ་གཏད་གདོང་ལེན་དང་ཉེས་པ་ཚ་ནན་གཏོང་རྒྱུའི་ཆོད་སེམས་བརྟན་པོའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། འཇིགས་སྐུལ་དྲག་སྤྱོད་པའི་ལས་འགུལ་སྤེལ་མཁན་ཚོའི་ཐོག་ནུས་པ་དེ་བས་ཆེ་ཙམ་གྱི་རྒོལ་རྡུང་གཏོང་ཐུབ་པའི་ཆེད། ཁྲིམས་གཞི་གསར་པ་ཞིག་ཀྱང་གཏན་འབེབས་བྱེད་འཆར་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད།
ཡང་གོང་ཞུས་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གི་སྙན་ཐོ་དེའི་ཐད། རྒྱལ་སྤྱིའི་གནད་དོན་ཉམས་ཞིབ་པ་ཚོས་དགོངས་ཚུལ་གསུངས་པའི་ནང༌། རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་དང་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་གིས་ཁྲིམས་གཅོད་བྱས་པའི་མི་དེ་དག་ཕལ་ཆེ་བ་ཤར་ཏུར་ཀིས་ཐན་གྱི་ཡུ་གུར་མི་རིགས་དང་། བོད་མི་ཆགས་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་ཁ་གཏད་གཅོག་རྒྱུའི་ཁྲིམས་གསར་དེ་གཏན་འབེབས་བྱས་པ་ཡིན་ཚེ། བོད་དང་ཤར་ཏུར་ཀིས་ཏན་གྱི་མི་མང་ཚོའི་ཐོག་དྲག་གནོན་དེ་བས་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་ངེས་པ་རེད་ཅེས་གསུངས་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།