ལིའུ་ལ་གཟེངས་རྟགས་སྤྲོད་རྒྱུར་རྒྱ་ནག་གཞུང་གིས་དགག་པ།
2010.10.14
༄༅༎རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་སྐུ་ཞབས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་གཟེགས་རྟགས་འབུལ་རྒྱུའི་ཐག་གཅོད་བྱས་པ་འདི་ཉག་ཉེས་དང་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་སེམས་ཤུགས་ཀྱི་ཀུན་སློང་བྱས་པ་དང་ཁྱད་མེད་ཡིན་པ་མ་ཟད་ གཟེངས་རྟགས་འབུལ་ཡས་འདི་ནུབ་ཕྱོགས་པ་ཚོས་རྒྱ་ནག་ལ་ལྟ་གྲུབ་ཀྱི་དམག་འཐབ་བྱེད་པའི་ལས་དོན་གྱི་ཆ་ཤས་ཡིན་པའི་སྐོར་རྒྱ་ནག་གཞུང་གིས་དགག་པ་དང་སྐྱོན་བརྗོད་མུ་མཐུད་བྱེད་པའི་གནས་ཚུལ་ཐོན་འདུག་༎
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མའ་ཀྲའོ་ཤུ་གིས་ལིའུ་ཤའོ་ཕུའུ་ནི་ཁྲིམས་ཐོག་ནས་ར་འཕྲོད་བྱུང་བའི་ཉེས་ཅན་པ་ཞིག་ཡིན་པ་དང་དེ་ལྟ་བུའི་ཉེས་ཅན་གྱི་མི་སྣ་ཞིག་ལ་ནོ་བེལ་གཟེངས་རྟགས་སྤྲད་པ་དེ་ནག་ཉེས་ཀྱི་བྱ་སྤྱོད་རིགས་ལ་སྐུལ་སློང་བྱས་པ་དང་ཁྱད་མེད་རེད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་འདུག་པ་དང་ ཡང་རྒྱ་ནག་གི་གཞུང་འབྲེལ་གོ་ལོ་སྦལ་ཀྲའེམ་སི་Global Timesཞེས་པའི་དབྱིན་ཡིག་གསར་ཤོག་ཐོག་ལིའུ་ཤའོ་ཕུའུ་ལ་གཟེངས་རྟགས་སྤྲད་པ་དེ་ནུབ་ཕྱོགས་པའི་རྒྱ་ནག་དང་ལྟ་གྲུབ་ཀྱི་དམག་འཐབ་བྱེད་པའི་ལས་འགུལ་གྱི་ཆ་ཤས་ཡིན་ཚུལ་གཏམ་བཤད་སྤེལ་ཡོད་པ་རེད་ ནོ་བེལ་གཟེངས་རྟགས་ཚོགས་ཆུང་གིས་ལིའུ་ཤའོ་ཕུའུ་ལ་ཞི་བདེའི་གཟེངས་རྟགས་འབུལ་རྒྱུའི་གསལ་བསྒྲགས་བྱས་པ་ནས་བཟུང་ རྒྱ་ནག་གཞུང་གིས་ནོར་ལྦའི་གཞུང་དང་དེ་སྔོན་གཏན་འབེབས་བྱས་པའི་བློན་ཆེན་གྱི་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དང་ དེ་བཞིན་རྒྱ་ནག་ནང་ནོར་ལྦའི་རོལ་དབྱངས་ཚོགས་པ་ཞིག་གི་འཁྲབ་སྟོན་ཕྱིར་བསྡུ་བྱེད་དུ་བཅུག་པ་སོགས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དོ་ཕོགས་མུ་མཐུད་འགྲོ་ཉེན་ཆེ་བའི་སྡིག་ར་དང་སྐྱོན་བརྗོད་བསྟུད་མར་བྱེད་བཞིན་ཡོད་པ་རེད་ ད་རེས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ལིའུ་ཤའོ་ཕུའུ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པའི་གནད་དོན་ཐད་སླར་ཡང་སྐྱོན་བརྗོད་བྱ་རྒྱུ་འདི་བཞིན་ཕྱིའི་ཡུལ་ཁག་ཚོས་ལིའུ་ཤའོ་ཕུའུ་གློད་བཀྲོལ་གཏོང་དགོས་པའི་གནོན་ཤུགས་ལ་ལན་འདེབས་ཀྱི་ཚུལ་དུ་ཡིན་པ་རེད་ དེ་ཡང་ཨ་རི་དང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་གཉིས་ནས་རྒྱ་ནག་གཞུང་ནས་ལིའུ་ཤའོ་ཕུའུ་གློད་བཀྲོལ་གཏོང་དགོས་པའི་ནན་སྐུལ་བྱས་པ་ཙམ་མ་ཟད་ ལྷག་པར་དུ་ཉི་ཧོང་གི་སྲིད་བློན་ན་ཨོ་ཏོ་ཀན་མཆོག་གིས་ཡོངས་ཁྱབས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆ་ནས་ལིའུ་ཤའོ་ཕུའུ་གློད་བཀྲོལ་བཏོང་རྒྱུ་གལ་གནད་ཤིན་ཏུ་ཆེ་བའི་སྐོར་ནན་བརྗོད་བྱས་ཡོད་པ་དང་ དེ་བཞིན་ནོར་ལྦའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་རག་ཧིལ་ཨི་མར་སི་ལན་གྱིས་ལིའུ་ཤའོ་ཕུའུ་ལ་གཟེངས་རྟགས་ཐོབ་པའི་གནད་དོན་རྐྱེན་པས་རྒྱ་ནག་གཞུང་ནས་ནོར་ལྦའི་དང་ཞུགས་མོལ་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པ་དེ་འོས་འཚམས་མེད་པའི་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་དགག་ལན་གྱི་སྐྱོན་བརྗོད་ཐོན་ཡོད་པ་རེད་༎