ནོར་བུ་གླིང་ཁ་དང་རྩེ་ཕོ་བྲང་གཉིས་ཉམས་གསོ་གྲུབ་པ།
2009.08.23
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་ཏཱ་ལའི་བླ་མའི་དབྱར་དགུན་གྱི་བཞུགས་གནས་ནོར་བུ་གླིང་ཁ་དང་རྩེ་ཕོ་བྲང་གཉིས་ཉམས་གསོའི་ལས་དོན་གྲུབ་པའི་གཞུང་འབྲེལ་མཛད་སྒོ་དེ་དེ་རིང་རེས་གཟའ་ཉི་མའི་ཉིན་ལྷ་སར་སྤེལ་བའི་སྐོར་བཀོད་ཡོད་པ་རེད།
ད་དུང་ཤིང་ཧཱ་གསར་ཤོག་དེའི་ཐོག་ལ་རྒྱ་ནག་གཞུང་གིས་རྩེ་ཕོ་བྲང་དང་ནོར་བུ་གླིང་ཁ་གཉིས་ཞིབ་གསོའི་ལས་གཞི་དེར་རྒྱ་མིའི་སྒོར་མོ་ས་ཡ་གསུམ་བརྒྱ་ལ་ཉེ་བ་དང་ཨ་རིའི་ཌོ་ལར་གྱི་མཛའ་ཐང་བྱས་ན་ཌོ་ལར་ས་ཡ་བཞི་ཅུ་ཞེ་བཞི་ཙམ་འགྲོ་གྲོན་བཏང་བའི་སྐོར་དང་དེ་མིན་གྱི་ནང་ཆོས་ཀྱི་པོ་ཏི་མང་པོ་བཞུགས་ཡུལ་དང་རྩ་ཆེའི་འདེབས་རིས་རྙིང་པ་ཉར་ཚགས་བྱེད་ཡུལ་ས་སྐྱ་དགོན་དུ་ཉམས་གསོའི་ལས་དོན་སྤེལ་ཏེ་རྒྱ་མིའི་སྒོར་མོ་ས་ཡ་དགུ་ཅུ་གོ་ལྔ་ཙམ་གྱི་འགྲོ་གྲོན་བཏང་བའི་སྐོར་བཀོད་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་བོད་ཀྱི་རྩ་ཆེའི་རིག་དངོས་དེ་རྣམས་ཉམས་གསོ་ལེགས་གྲུབ་བྱུང་བའི་མཛད་སྒོ་དེ་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་སྤེལ་ཡོད་པ་དང་མཛད་སྒོ་དེ་སླེབས་པའི་རྒྱ་ནག་གི་སྐུ་ཚབ་ལིའུ་དབྱང་ཏུང་གིས་བཤད་པར་བོད་ཀྱི་རིག་གནས་ཀྱི་རྗེས་ཤུལ་གཙོ་བོ་གསུམ་པོ་དེ་ཕྱི་ལོ་ཉིས་སྟོང་གཉིས་ལོར་ཉམས་གསོའི་ལས་དོན་འགོ་བཙུགས་པ་དང་ཉམས་གསོའི་ལས་དོན་དེ་ནི་བོད་མིའི་རིག་གཞུང་སྲུང་སྐྱོབ་བྱེད་པའི་གལ་ཆེའི་ལས་དོན་གྱི་གྲས་ཤིག་ཡིན་ཞིང་དུས་རབས་བདུན་པའི་ནང་བཞེངས་བསྒྲུབ་གནང་བའི་རྩེ་ཕོ་བྲང་དེ་ནི་འཛམ་གླིང་གི་རིག་དངོས་སྲུང་སྐྱོབ་ཀྱི་ཐོ་གཞུང་གྲས་སུ་ཚུད་ཡོད་པའི་འགྲེལ་བརྗོད་བྱས་ཡོད་པ་རེད།