རྒྱ་ནག་གིས་གཞོན་སྐྱེས་ཚོར་བཟའ་ཚང་མི་རག་པའི་དཀའ་ངལ་སེལ་ཐབས་བྱེད་བཞིན་འདུག
2017.10.16
རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་སྲིད་འཛིན་ཞེ་ཅིང་ཕིན་གྱི་སྣེ་ཁྲིད་འོག་དམར་ཤོག་གི་ལྟ་བ་གཅིག་མཚུངས་ཡོད་མཁན་གཞོན་སྐྱེས་མང་པོར་བཟའ་ཚང་མི་རག་པའི་དཀའ་ངལ་སེལ་ཐབས་ལ་གཉེན་སྒྲིག་མཐུད་སྦྱོར་གྱི་ཞབས་ཞུའི་ལས་དོན་བཟོས་ཏེ་ཚོགས་པའི་ལྟ་བ་སྲ་བརྟན་ཡོང་ཐབས་བྱེད་བཞིན་ཡོད་འདུག
དེ་ཡང་(AP)་གསར་ཁང་གིས་པེ་ཅིང་ནས་སྤྱི་ཚེས་༡༦་ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་གསོ་སྐྱོང་བྱེད་མཁན་དམར་ཤོག་ཚོགས་པའི་གཞོན་སྐྱེས་ལྷན་ཚོགས་ཀྱི་དཔོན་རིགས་ཚོས། དམར་ཤོག་ཚོགས་པའི་ནང་ཆབ་སྲིད་ཀྱི་ལྟ་བ་བརྟན་པོ་འཛིན་མཁན་གཞོན་སྐྱེས་ཁེར་རྐྱང་མང་པོ་ཞིག་ཤེས་ཡོན་དང་ལས་དོན་ལ་བྲེལ་འཚུབ་བྱེད་བཞིན་པའི་གནས་སྟངས་འོག་གཞོན་སྐྱེས་ས་ཡ་བཅུ་ཕྲག་ལ་བཟའ་ཚང་རག་གི་མེད་པའི་དཀའ་ངལ་སེལ་ཆེད་ཕན་ཚུན་ཐུག་འཕྲད་ཡོང་པའི་གོ་སྒྲིག་བྱེད་བཞིན་ཡོད་པ་དང་། ཚོགས་པའི་དཔོན་རིགས་ཤིག་གིས་དེ་ནི་གཉེན་སྒྲིག་དང་བརྩེ་དུང་ཐད་ལ་ཡང་དག་པའི་རྣམ་འགྱུར་འཕེལ་རྒྱས་ཡོང་ཐབས་ཆེད་དུ་རེད་ཅེས་བརྗོད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་གཞོན་སྐྱེས་ལྷན་ཚོགས་ཀྱི་(Zhejiang)་ཞིང་ཆེན་གྱི་ཡན་ལག་ལས་ཁུངས་ཀྱི་གཉེན་སྒྲིག་དང་བརྩེ་དུང་གྲོགས་པོ་བཟོ་བར་ལྷན་ཁང་གི་འགན་འཛིན་(Wang Jun)གིས་ང་ཚོས་ཞབས་ཞུ་ཡག་ཤོས་དེ་མཁོ་སྤྲོད་བྱས་ཏེ་གཞན་སྐྱེས་ཕན་ཚུན་ཐུག་འཕྲད་ཐུབ་པའི་གོ་སྐབས་ཡོང་ཐབས་བསམ་བཞིན་ཡོད་ཅེས་བརྗོད་འདུག
གཞོན་སྐྱེས་ལྷན་ཚོགས་ལས་ཁུངས་དེ་རྒྱ་ནག་གི་སྐབས་དོན་དང་འབྲེལ་བ་མང་ཙམ་ཡོད་པའི་དམིགས་ཡུལ་ཐོག་ཆབ་སྲིད་བཅོས་བསྒྱུར་ཀྱི་ཆ་ཤས་སུ་སྤྱི་ཟླ་༦་པའི་ནང་གསར་འཛུགས་བྱས་པ་ཞིག་ཡིན་འདུག
ཡང་གསར་ཁང་དེས་མུ་མཐུད་དུ་གོང་ཞུས་གཉེན་སྒྲིག་མཐུད་སྦྱོར་གྱི་ལས་དོན་གསར་པ་དེ་ནི་རྒྱ་ནག་གི་སྲིད་འཛིན་ཞེ་ཅིང་ཕིན་གྱི་འགོ་ཁྲིད་འོག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་དམར་ཤོག་གི་ལྟ་བ་སྲ་བརྟན་ཡོང་ཐབས་ཀྱི་དཔེ་མཚོན་ཙམ་ཡིན་ཞིང་། དེ་ནི་ཆབ་སྲིད་ཀྱི་སྒྲིག་གཞི་དང་དམག་དོན་ལ་ལྟ་བ་མཁྲེགས་པོ་མུ་མཐུད་འཛིན་བཞིན་པ་དང་བསྟུན། དམར་ཤོག་ཚོགས་པའི་ལྟ་བ་དེས་མི་དམངས་ཀྱི་ཉིན་རེའི་འཚོ་བར་ཤུགས་རྐྱེན་སླེབས་བཞིན་པའི་ལོ་མང་མཐོང་རྗེས་སྒྲིག་སྲོལ་རྙིང་པ་བསྐྱར་དུ་ཐོན་པ་ཞིག་རེད་ཅེས་བརྗོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད་དང་དབྱངས་སྒྲོལ།