ཆིངས་ཡིག་དོན་ཚན་༡༧་དང་འབྲེལ་བའི་ཡིག་རིཌ་ཕྱིར་འདོན།
2011.06.02
༄༅༎རྒྱ་ནག་གཞུང་གིས་ཆིངས་ཡིག་དོན་ཚན་བཅུ་བདུན་དང་འབྲེལ་བའི་གཞུང་འབྲེལ་གྱི་ཡིག་ཆ་ཁག་ཅིག་ཕྱིར་འདོན་བྱས་པ་བརྒྱུད་རྒྱ་ནག་གིས་བོད་བཅིངས་བཀྲོལ་བཏང་བའི་སྲིད་ཇུས་ལ་༸གོང་ས་ཏ་ལའི་བླ་མ་མཆོག་ནས་རྒྱབ་གཉེར་གནང་ཡོད་ལུགས་གཏམ་བཤད་སྤེལ་འདུག་༎
བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་གིས་རྒྱ་བོད་གཉིས་དབར་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་དང་འབྲེལ་བའི་གཞུང་འབྲེལ་གྱི་ཡིག་ཆ་ཁག་ཅིག་མང་ཚོགས་ཁྲོད་ཕྱིར་འདོན་བྱས་ཡོད་པ་རེད་ ཡིག་ཆ་དེའི་ཁོངས་སུ་༡༩༥༡ལོར་རྒྱ་ནག་བཅིངས་བཀྲོལ་དམག་མིས་བོད་བཅིངས་བཀྲོལ་བཏང་བའི་སྲིད་ཇུས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་གི་འགོ་འཁྲིད་མའོ་རྩི་ཏུང་ལ་དགའ་བསུའི་ཕྱག་བྲིས་ཕུལ་ཡོད་ལུགས་ཀྱི་ཕྱག་བྲིས་ཤིག་ཀྱང་ཕྱིར་འདོན་བྱས་འདུག ཁ་ས་ཚེས་༡ཉིན་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་༸གོང་ས་མཆོག་གི་ཕྱག་བྲིས་ཀྱི་ནང་དོན་དུམ་བུ་ཞིག་ལུང་འདྲེན་བྱས་པའི་ནང་ བོད་ས་གནས་སྲིད་གཞུང་དང་སྐྱ་སེར་མང་ཚོགས་བཅས་ནས་ གྲོས་མཐུན་དོན་ཚན་བཅུ་བདུན་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཞུས་པ་དང་ཕྱོགས་མཚུངས་རྒྱ་ནག་བཅིངས་བཀྲོལ་དམག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་དང་ བོད་ནང་བཙན་རྒྱལ་རིང་ལུགས་པའི་ཤུགས་རྐྱེན་ཐར་སྤྲོད་གཏོང་བ་ དེ་བཞིན་མེས་རྒྱལ་གོང་བུ་གཅིག་སྒྲིལ་དང་ རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་ཀྱི་ལས་དོན་བཅས་ལ་ འཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་ལུགས་གསལ་འདོན་བྱས་ཡོད་པ་རེད་ གོང་གསལ་ཆིངས་ཡིག་དོན་ཚན་བཅུ་བདུན་དང་འབྲེལ་བའི་ཡིག་ཆ་དེ་བཞིན་ རྒྱ་ནག་གི་གཞུང་འབྲེལ་ཡིག་ཚགས་ལས་ཁུངས་ནས་འདོན་སྤེལ་བྱས་ཡོད་པ་རེད་ རྒྱ་ནག་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བརྒྱུད་བོད་རྒྱ་ཁོངས་ཡིན་པའི་གནས་ལུགས་དག་བུད་བྱ་ཐབས་བྱེད་བཞིན་ཡོད་རུང་ བོད་མི་ཚོའི་ངོས་ནས་ཆིངས་ཡིག་དོན་ཚན་བཅུ་བདུན་དེ་བཞིན་ བཙན་དབང་འོག་བཞག་པའི་ཡིག་ཆ་ཞིག་ལ་ངོས་འཛིན་བྱེད་པ་མ་ཟད་ བོད་མིའི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ གྲོས་བྱོལ་དུ་ཕེབས་མ་ཐག་ ཆིངས་ཡིག་དེར་ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས་ཡོད་པ་རེད་༎