རྒྱ་ནག་ཏུ་ཡེ་ཤུའི་ཆོས་དད་པར་ཁྲིམས་ཆད།
2009.12.02
༄༅༎རྒྱ་ནག་ཉེན་རྟོག་པས་ཡེ་ཤུའི་ཆོས་ཁང་ལ་བསྔོག་བཤེར་བྱས་པར་ཡེ་ཤུའི་ཆོས་པ་མི་ལྔས་ངོ་རྒོལ་བྱས་པའི་རྐྱེན་གྱིས་རྒྱ་ནག་ཧྲན་ཤིའི་ཞིང་ཆེན་ཁྲིམས་ཁང་གིས་ཡེ་ཤུའི་ཆོས་དད་པ་དེ་དག་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཙོན་འཇུག་ལོ་གཉིས་ཀྱི་ཁྲིམས་ཐག་ཉེས་ཆད་བཅད་ཡོད་པའི་སྐོར་དེ་རིང་གཟའ་པ་སངས་ཉིན་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་གནང་བཞག ཨ་རིའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་ནང་རོགས་རམ་ལས་དོན་སྤེལ་གནང་མཁན་གྱི་ཡེ་ཤུའི་ཆོས་ཚོགས་ཀྱི་འགན་འཛིན་སྦོབ་ཕུའུ་ནས་དེའི་སྐོར་ལ་གསལ་བསྒྲགས་ཤིག་འགྲེམས་སྤེལ་གནང་བའི་ནང་རྒྱ་ནག་གཞུང་གིས་ཉེས་མེད་མི་སེར་ལྔ་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགྲེལ་ཡོད་སྒྲིག་གཞི་དང་ཡོངས་སུ་རྒྱབ་འགལ་ཆགས་ཀྱི་ཡོད་པ་མ་ཟད་རྒྱ་ནག་ཧྲན་ཤིའི་ས་གནས་ཁྲིམས་ཁང་གིས་གོང་ཞུས་ཡེ་ཤུའི་ཆོས་དད་པ་ཚོར་ཁྲིམས་ཐག་ཉེས་ཆད་གཅོད་ཡས་དེའི་ཐོག་ནས་རྒྱ་ནག་གཞུང་གིས་ཆོས་ལུགས་རང་དབང་ལ་དྲམ་བསྒྲགས་བྱེད་ཀྱི་ཡོད་པའི་དམིགས་ཡུལ་མཚོན་ཐུབ་རྒྱུ་ཡིན་པ་འཁོད་ཡོད་པ་རེད་ དེ་མིན་ཧྲན་ཤིའི་ཞིང་ཆེན་ནང་གཟའ་འཁོར་སྔོན་མ་ཡང་ཡི་ཤུའི་ཆོས་དད་པ་མི་གྲངས་གཞན་ལྔ་ཡིས་གཞུང་ཕྱོགས་ནས་ཁོང་ཚོའི་ཆོས་ཚོགས་རྒྱ་ནག་གཞུང་ཕྱོགས་སུ་ཐོ་འགོད་བྱས་མེད་ལུགས་བཤད་ནས་གཏོར་བཤིག་གཏོང་རྒྱུར་འགོག་ཐབས་ཀྱི་ངོ་རྒོལ་བྱས་པའི་རྐྱེན་པས་བཙོན་འཇུག་ལོ་བདུན་གྱི་ཁྲིམས་ཐག་ཉེས་ཆད་བཅད་ཡོད་པ་རེད་ རྒྱ་ནག་ཧྲན་ཤིའི་ཞིང་ཆེན་གྱི་ལིན་ཕན་ས་གནས་ནང་ཡོད་པའི་ཕུའུ་ཤིན་ཡེ་ཤུའི་ཆོས་ཁང་རྒྱ་ནག་གཞུང་ལ་ཐོ་འགོད་བྱས་མེད་ལུགས་ཀྱི་བརྙས་འདོགས་བྱས་ནས་གཞུང་གིས་ཆོས་ཁང་གཏོར་བཤིག་གཏོང་རྩིས་བྱེད་སྐབས་ ཆོས་ཁང་དེའི་ནང་ཡེ་ཤུའི་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མཁན་མི་གྲངས་ཁྲི་དྲུག་ལྷག་ཙམ་གྱི་ངོ་རྒོལ་བྱས་ཡོད་པ་དང་ དེ་རྗེས་རྒྱ་ནག་གཞུང་གིས་དེའི་ནང་གི་བྱེད་སྟེ་ཚོ་འཇུ་བཟུང་བྱས་ནས་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་བཙོན་འཇུག་གི་ཁྲིམས་ཐག་བཅོད་བཞིན་ཡོད་པ་གོང་ཞུས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དེས་འགྲེལ་བརྗོད་གནང་བཞག གནད་དོན་དེའི་ཐོག་ཕ་རན་སི་གསར་འགྱུར་བརྒྱུད་ལམ་གྱིས་ལན་ཕན་ས་གནས་ཉེན་རྟོག་ལས་ཁང་ལ་གནས་ཚུལ་སྐད་ཆ་འདྲིས་ཡོད་ཀྱང་ལན་འདེབས་གང་ཡང་བྱས་མེད་པ་གནས་ཚུལ་ནང་འཁོད་འདུག