རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བས་བོད་ནང་དམ་དྲག་ཇེ་ཆེར་བཏང་འདུག
2019.09.26
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་བདུན་ཅུ་འཁོར་བའི་དུས་ཆེན་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་བོད་ནང་ཕྱོཊ་གང་ས་ནས་དམ་དྲག་བྱེད་བཞིན་ཡོད་འདུག
ཉེ་ཆར་ཨ་མི་རི་ཀ་ནས་བོད་ནང་གཉེན་འཕྲད་དུ་ཕེབས་ནས་ད་ལྟ་ཨ་རིའི་ནང་ཕྱིར་ལོག་མཁན་ལྷུན་སྒྲུབ་རྡོ་རྗེ་ལགས་ཀྱིས་གནམ་ཐང་ནས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། ཕྱི་ཟླ་བཅུ་པའི་ཚེས་གཅིག་གམ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་༧༠་འཁོར་བའི་དུས་ཆེན་སླེབས་ལ་ཉེ་བས། རྒྱ་ནག་གཞུང་གིས་བོད་ནང་ཧ་ཅང་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཕྱི་རྒྱལ་ནས་བོད་ནང་གཉེན་འཕྲད་དུ་ཡོང་མཁན་དང་། བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་མཁན་ཕྱིའི་རྒྱལ་ཁབ་ཁག་གི་མི་སྣ་སུ་འདྲ་ཞིག་ཡིན་ཡང་དུས་སྟོན་དེའི་སྐབས་བོད་ནང་བསྡད་མི་ཆོག་པར་ཕྱིར་ལོག་བྱེད་དགོས་པ་རྒྱ་ནག་གཞུང་འབྲེལ་གྱི་ཐོག་ནས་བཀའ་རྒྱ་བཏང་ཡོད་པ་དང་། ང་ཚོ་བོད་ནང་ཟླ་བ་གཅིག་མན་ཙམ་ལས་བསྡད་ཐུབ་མ་སོང་ཞེས་དང་། བོད་ནང་བསྡད་པའི་རིང་དུའང་དེ་སྔ་དང་མི་འདྲ་བར་དམ་དྲག་ཆེན་པོ་འདུག་ཅེས་གསུང་བྱུང་། ལྷག་པར་དུ་བོད་ཀྱི་དགོན་སྡེ་ཁག་ནང་དམ་དྲག་ཆེ་བ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་རྒྱལ་སྟོན་དུས་ཆེན་སྲུང་བརྩི་དང་འབྲེལ་བའི་བྱེད་སྒོ་སྤེལ་དགོས་པའི་བཀའ་རྒྱ་བཏང་བ་བཞིན། རྒྱ་ནག་ལ་རྒྱན་ཞེན་ཡོད་པའི་བྱེད་སྒོ་སྤེལ་བཅུག་ནས། བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ཡོད་པའི་དགོན་སྡེ་གྲ་ཚང་ཁག་གི་སྐུ་ཚབ་བསྡུ་སྐོང་ཐོག་འདས་པའི་ལོ་བདུན་ཅུའི་ནང་། རྒྱ་ནག་དམར་ཤོག་གི་བཀའ་དྲིན་འོག་ནང་པའི་ཆོས་ལ་ཕན་ཐོགས་བྱུང་ཡོད་སྐོར་དང་། མ་འོངས་རྒྱ་ནག་གི་ནང་ཆོས་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་ཐོག་ལ་བགྲོ་གླེང་གོ་སྒྲིག་བྱས་ཡོད་པ་དང་། ལྷག་པར་དུ་བོད་ཁུལ་གྱི་དགོན་སྡེ་གྲ་ཚང་ཁག་ཅིག་ཏུ་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་བཅུག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་གླུ་གཏོང་བཅུག་པ་སོགས་ཀྱི་བྱེད་སྒོ་སྤེལ་འདུག
དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་སྒོ་ཆེན་ཐོག་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པ་ཤོག་ཞེས་འཁོད་པའི་འཕྲེད་དར་སྦྱར་བ་དང་། ཆབ་མདོ་བྱམས་པ་གླིང་དགོན་དུ་དགེ་འདུན་པ་རྒྱལ་ཁབ་ལ་དགའ་ཞེན་གྱི་རུ་སྒྲིག་དང་། རྒྱལ་དར་ལག་ལ་བཞག་ནས་རྒྱལ་ཞེན་གྱི་གླུ་གཞས་བཏང་བཅུག་ཡོད་པ་རེད།
ཡང་ཡོ་རོབ་ནང་བཞུགས་མཁན་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས། ད་ལྟ་བཅུ་པའི་ཚེས་གཅིག་གི་དུས་སྟོན་སླེབས་ལ་ཉེ་བས་བོད་ཀྱི་ལུང་ཁུག་ཞིག་གི་ནང་དུའང་དམ་དྲག་ཧ་ཅང་ཆེན་པོ་བྱས་ནས་ནང་མི་དགའ་ཉེ་ཚོ་དང་འབྲེལ་བ་གནང་རྒྱུ་ཧ་ཅང་ཁག་པོ་ཡོད་པ་གསལ་སྟོན་གནང་བྱུང་།
རྩ་བའི་གཟའ་འཁོར་རྗེས་མའི་རེས་གཟའ་མིག་དམར་ཉིན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་༧༠་འཁོར་བའི་དུས་ཆེན་ཉིན། རྒྱ་ནག་གི་རྒྱལ་ས་པེ་ཅིང་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་གོ་མཚོན་འཁྱེར་བའི་དམག་དཔུང་གི་རུ་སྒྲིག་གཏོང་རྒྱུ་ལ་སོགས་རྒྱ་ནག་ཁྱོན་ཡོངས་སུ་དུས་སྟོན་སྲུང་བརྩི་ཟབ་རྒྱས་ཞུ་རྒྱུར་གཞུང་ཕྱོགས་ཀྱི་བཀོད་ཁྱབ་དང་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དེ་བཞིན་རྒྱ་ནག་ཁྱོན་ཡོངས་ཀྱི་ཡི་ཤུའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་དང་། ཁ་ཆེའི་ཆོས་དད་པ་མང་པོ་འདུ་སྐོང་ཐོག་རྒྱ་ནག་གི་རྒྱལ་དར་འཕྱར་ཏེ་རྒྱ་ནག་གི་རྒྱལ་གླུ་བཏང་དུ་བཅུག་ཡོད་པ་དང་། བོད་དང་། ཤར་ཏུ་ཀི་སི་ཐན་ལ་སོགས་པའི་ས་ཁུལ་མང་པོའི་ནང་དམིགས་བསལ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་འདུག