རྒྱ་ནག་གིས་བོད་ནང་བཟུང་བའི་སྲིད་བྱུས་སྐོར་གྱི་དྲིལ་བསྒྲགས།
2011.09.10
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཡོ་རོབ་ཡུལ་གྲུ་ཨེསི་ཏོ་ནི་ཡར་འདི་ལོ་ཕྱི་ཟླ་བརྒྱད་པའི་ནང་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་སྟེ་གཟའ་འཁོར་འགའ་ཤས་སོང་རྗེས། ཨེསི་ཏོ་ནི་ཡའི་རྒྱལ་ས་ཏ་ལིན་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ ཨེསི་ཏོ་ནི་ཡའི་ནང་རྒྱ་ནག་ཐོག་མཐོང་ཚུལ་བཟང་དུ་གཏོང་ཆེད་ ཡུལ་དེའི་ཉིན་རེའི་གསར་ཤོག་ཆེ་ཤོས་Postimees གྱི་ནང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་བཟུང་བའི་སྲིད་བྱུས་སྐོར་གྱི་གླ་ཡོད་དྲིལ་བསྒྲགས་ཤུགས་ཆེ་ཞིག་བྱས་ཡོད་པ་ ཨེསི་ཏོ་ནི་ཡའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་ཕྱི་ཟླ་ ༩ ཚེས་ ༩ ཉིན་གནས་ཚུལ་སྤེལ་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ ཨེསི་ཏོ་ནི་ཡར་ཞབས་སོར་འཁོད་གནང་མཛད་སྐབས་ ཡུལ་དེའི་མི་དམངས་ཀྱིས་དགའ་བསུ་ཆེན་པོ་ཞུས་ཡོད་ལ། དེ་བཞིན་རྒྱལ་ཁབ་དེའི་སྲིད་འཛིན་ LLves དང་། བློན་ཆེན། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་ཡང་གནང་ཞིང་ རྒྱ་ནག་གིས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཨེསི་ཏོ་ནི་ཡའི་ཉིན་རེའི་གསར་ཤོག་དེའི་ནང་། བོད་ཞི་བའི་བཅིང་གྲོལ་བཏང་སྟེ་ལོ་ངོ་དྲུག་བཅུ་འཁོར་བ་ཟེར་བ་སོགས་རྒྱ་ནག་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ཀྱི་གཏམ་བཤད་ཤུགས་ཆེ་ལྡན་པའི་གླ་ཡོད་གནས་ཚུལ་དེ་ལྟར་བཏོན་པར། ཨིསི་ཏོ་ནི་ཡའི་རྒྱལ་ཡོངས་གསར་ཤོག་མཐུན་ཚོགས་ཀྱི་ངོས་ནས། ཉིན་རེའི་གསར་ཤོག་ Postimees ལ་སྐྱོན་བརྗོད་ཆེན་པོ་བྱས་འདུག།
གླ་ཡོད་དྲིལ་བསྒྲགས་བཏོན་མཁན་ Postimees གྱིས། རྒྱ་ནག་གཞུང་གི་གླ་ཡོད་དྲིལ་བསྒྲགས་གསར་ཤོག་དེའི་ནང་བཏོན་པ་ཙམ་ལས། གསར་ཤོག་དེའི་རྩོམ་སྒྲིག་པའི་དཔྱད་གཏམ་གང་ཡང་སྤེལ་མེད་པ་བརྗོད་ཡོད་ཀྱང་། ཨེསི་ཏོ་ནི་ཡའི་རྒྱལ་ཡོངས་གསར་ཤོག་མཐུན་ཚོགས་ཀྱི་གཙོ་འཛིན་གསར་འགོད་པ་མའཏ་རའོདྲ་སའར་གྱིས། གསར་ཤོག་ཅིག་གི་རྩོམ་སྒྲིག་པའི་ལས་འགན་དེ་གསར་ཤོག་དེའི་ནང་དོན་ཇི་འཁོད་ཙམ་མིན་པར། གསར་ཤོག་དེའི་ཁྱོན་ཡོངས་ཀྱི་གནད་དོན་ཐོག་འགན་འཁུར་བླངས་དགོས་པ་ཞིག་ཡིན་པའི་ལན་འདེབས་གནང་ཡོད་པ་དང་། ད་དུང་ཁོང་གིས་ལྷག་པར་དུ་གསར་ཤོག་ཞིག་གི་ནང་གླ་ཡོད་གསལ་བསྒྲགས་རིགས་འདོན་སྐབས། དེ་གླ་ཡོད་ཀྱི་གསལ་བསྒྲགས་ཤིག་ཡིན་པ་དང་། གསར་ཤོག་ལས་ཁང་དེའི་འདོད་ཚུལ་མིན་པ་གསལ་པོར་བཀོད་དགོས་པའི་ལས་འགན་ཡང་ཡོད་པ་རེད་ཅེས་གསུངས་འདུག།
རྒྱ་ནག་གཞུང་གིས་ཨེསི་ཏོ་ནི་ཡའི་སྲིད་འཛིན་དང་བློན་ཆེན་ལ་སོགས་པས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཇལ་འཕྲད་ཞུས་པ་དེར་སྐྱོན་བརྗོད་བྱས་ཏེ། ཉེས་ཆད་ཀྱི་ཚུལ་དུ་ཨེསི་ཏོ་ནི་ཡའི་བློན་ཆེན་ཞིག་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་རྒྱུའི་མཛད་འཆར་ཕྱི་བཤོལ་བྱས་ཀྱང་། ཕྱི་ཟླ་ ༩ ཚེས་ ༩ ཉིན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ ཡང་ཇིཡ་ཆིས་ རྒྱ་ནག་དང་ཨེསི་ཏོ་ནིའི་དབར་གྱི་འབྲེལ་ལམ་བཟང་པོ་ཡོད་པ་དེ་ད་དུང་དམ་གཟབ་ཏུ་འགྲོ་རྒྱུ་ཡིན་པ་བརྗོད་ཡོད་འདུག།