རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལྷོད་ཡངས་ལག་བསྟར་བྱས་ཀྱང་ནད་ཡམས་ཁྱབ་གདལ་ཤུགས་ཆེ་རུ་འགྲོ་བཞིན་པ།

རྒྱ་ནག་གཞུང་གིས་མི་མང་གི་རྒྱུན་ལྡན་འཚོ་བ་བསྐྱར་གསོ་ཡོང་ཆེད་ཏོག་དབྱིབས་ནད་ཡམས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ལྷོད་ཡངས་ལག་བསྟར་བྱེད་འགོ་བཙུགས་ཡོད་ནའང་། ཕྱི་ཚེས་བདུན་ཉིན་ཉིས་ཁྲི་ཆིག་སྟོང་ལྷག་ཙམ་ཐོན་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག དེ་ཡང་ཕྱི་ཟླ་བཅུ་གཉིས་པའི་ཚེས་༨ ཉིན་ཧྲང་ཧད་ནས་Reuters་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཕྱི་ཟླ་༡༢ པའི་ཚེས་༦ ཉིན་རྒྱ་ནག་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་ཀ་ཉིས་ཁྲི་ལྔ་སྟོང་གསུམ་བརྒྱ་ཉི་ཤུ་རྩ་གཅིག་ཐོན་པ་ནས། ནད་རྟགས་ཡོད་པའི་ནད་པ་བཞི་སྟོང་བཞི་བརྒྱ་བཅུ་མེད་དགུ་དང་། ནད་རྟགས་མེད་པའི་ནད་པ་ཉིས་ཁྲི་སྟོང་མེད་དགུ་བརྒྱ་བཅུ་གཉིས་ཐོན་ཡོད་པའི་སྐོར་རྒྱ་ནག་གཞུང་གིས་ལོག་ཏུ་གྲངས་ཐོ་བཏོན་ཡོད་པ་མ་ཟད། ཕྱི་ཚེས་༨ ཉིན་རྒྱ་ནག་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཕྱི་ཚེས་༧ ཉིན་རྒྱ་ནག་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་ཀ་ཉིས་ཁྲི་ཆིག་སྟོང་བཞི་བརྒྱ་གསུམ་ཅུ་སོ་དགུ་ཐོན་པ་ནས། ནད་རྟགས་ཡོད་པའི་ནད་པ་བཞི་སྟོང་བརྒྱ་མེད་དོན་ཅུ་དོན་དགུ་དང་། ནད་རྟགས་མེད་པའི་ནད་པ་ཆིག་ཁྲི་བདུན་སྟོང་གསུམ་བརྒྱ་དྲུག་བཅུ་ཐོན་ཡོད་པའི་སྐོར་གྱི་གྲངས་ཀ་བཏོན་ཡོད་ལུགས་ལུང་འདྲེན་བྱས་འདུག ད་དུང་ས་གནས་ནང་ཁུལ་ནས་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་ནད་པ་ཉིས་ཁྲི་ཆིག་སྟོང་བརྒྱ་དང་དྲུག་ཅུ་རེ་ལྔ་ཐོན་པའི་ནང་ནས། ༤༠༣༡ ནད་རྟགས་ཡོད་པའི་ནད་པ་དང་། ནད་རྟགས་མེད་པའི་ནད་པ་ཆིག་ཁྲི་བདུན་སྟོང་བརྒྱ་དང་བཅུ་གསུམ་ཐོན་པ་དང་། དེའི་སྔོན་གྱི་ཉིན་གཅིག་ནང་ཐོན་པའི་ནད་པའི་གྲངས་ཀ་དང་བསྡུར་ན་ནད་པ་གསར་པའི་གྲངས་ཀ་ཉུང་དུ་ཕྱིན་ཡོད་པའི་སྐོར་དང་། ད་རེས་ཏོག་དབྱིབས་ནད་པ་རྐྱེན་འདས་སུ་གཅིག་ཀྱང་ཕྱིན་མེད་པར་བརྟེན་ནས་ཏོག་དབྱིབས་ནད་པ་འདས་གྲོངས་ཕྱིན་པའི་གྲངས་ཀ་ཉིས་ཁྲི་ལྔ་སྟོང་བརྒྱ་དང་བཅོ་ལྔ་རང་སོར་གནས་ཡོད་པ་རེད།།
གསར་འགོད་པ། ཉི་མ་གཡུ་སྒྲོན།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག